10958

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟེ་བ་སོགས་སུ་ཨ་ཐུང་སོགས་བསྒོམ་པའི་རྒྱུ་མཚན
Tibetan Definition ལྟེ་བ་སོགས་སུ་ཨ་ཐུང་སོགས་བསྒོམ་པའི་རྒྱུ་མཚན་ནི། 1 སློབ་དཔོན་ཨ་བྷྱས་ནང་གི་སྒྲ་འདོན་ལུགས་ལ་བརྟགས་ནས་བྱེད་དོ། །གསང་གནས་ནས་རླུང་སྟོད་ལ་འགྲོ་བའི་ཚེ་ལྟེ་བར་སླེབས་པ་ན་ཨ་ཐུང་གི་སྒྲ་སྒྲོག་པ་དང༌། སྙིང་གར་སླེབས་པ་ན་ཧཱུྃ་རིང་ཆ་གཉིས་ཀྱི་སྒྲ་སྒྲོག་པ་དང༌། མགྲིན་པར་སླེབས་པ་ན་ༀ་ལ་རིང་ཆ་གསུམ་དང་ལྡན་པའི་སྒྲ་སྒྲོག་པ་དང་དེའི་ཆ་ནས་ལྟེ་བར་ཨ་ཐུང༌། སྙིང་གར་ཧཱུྃ་རིང་པོ། མགྲིན་པར་ༀ་རིང་ཆ་གསུམ་དང་ལྡན་པར་བསྟན་པའི་དོན་དེ་ཡིན་ནོ། །མདོར་བསྡུས་ན། སྨད་ནས་སོང་བའི་རླུང་དེ་ལྟེ་བར་ཨ་ཐུང་གི་ཡུན་དང༌། སྙིང་གར་ཧཱུྃ་གི་སྒྲ་སྒྲོག་པའི་ཚེ་ཨ་ཐུང་ཉིས་འགྱུར་གྱི་ཡུན་དང༌། མགྲིན་པར་ༀ་གྱི་སྒྲ་སྒྲོག་དུས་ཨ་ཐུང་གསུམ་འགྱུར་གྱི་ཡུན་ཡོད་པས་ཧཱུྃ་ལ་རིང་ཆ་གཉིས་དང༌། ༀ་ལ་རིང་ཆ་གསུམ་ཡོད་དོ། །2 ནཱ་རོ་པཎ་ཆེན་གྱི་སློབ་མ་ཁ་ཅིག་སྤྱི་བོ་ནས་བྱང་སེམས་འབབ་པའི་ཚེ། དེ་ནས་འབབ་པའི་བྱང་སེམས་ལ་ཆ་བཞིར་བགོས་པའི་ཆ་གཅིག་མགྲིན་པར་འབབ་པའི་ཚེ་བསྐམས་ཤིང་མགྲིན་པར་ཆ་གསུམ་ཡོད་པས། དེ་དང་བསྟུན་ནས་མགྲིན་པར་ཨཱ་ལ་རིང་ཆ་གསུམ་འགྱུར་དང༌། སྙིང་གར་འབབ་པའི་ཚེ་ན་ཆ་གསུམ་དུ་བགོས་པའི་ཆ་གཅིག་བསྐམས་པས་སྙིང་གའི་ཧཱུྃ་ལ་རིང་ཆ་གཉིས་དང་ལྡན་པ་དང༌། ལྟེ་བར་སླེབས་པའི་ཚེ་ན་ཆ་གཅིག་བསྐམས་པས་ལྟེ་བའི་ཨ་ལ་རིང་ཆ་མི་འོངས་བའི་རྒྱུ་མཚན་དེ་ཡིན་ནོ་གསུང་ངོ༌། །ཞེས་རྗེའི་གསུང་མི་བསྐྱོད་རྡོ་རྗེས་ཟིན་བྲིས་བཏབ་པ་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ་ལ་གཞི་བྱས་ཏེ་བཀོད།