11009

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཐོ་ཐོ་རི་གཉན་བཙན
Tibetan Definition བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་ཕྱི་ལོ་༣༧༤ཙམ་ལ་བྱོན་པའི་ཚོད་དཔག་བྱེད། (ཏཱ་ར་ནཱ་ཐའི་ཆོས་འབྱུང་དུ་རྒྱ་གར་གྱི་སློབ་དཔོན་ཆེན་པོ་དབྱིག་གཉེན་ཞབས་དང་དུས་མཚུངས་སུ་བྱོན་པར་བཤད་དོ) འདིའི་དུས་སུ་བོད་དུ་དམ་པའི་ཆོས་འབྱུང་བའི་སྔ་ལྟས་སུ་ཕོ་བྲང་ཡུམ་བུ་བླ་སྒང་གི་སྟེང་དུ་ནམ་མཁའ་ནས་ཟ་མ་ཏོག་ཅིག་བབས་པ་ཁ་ཕྱེ་བའི་ནང༌། མདོ་སྡེ་ཟ་མ་ཏོག སྙིང་པོ་ཡི་གེ་དྲུག་མ། སྤང་སྐོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན་ཁྲུ་གང་བ། ཙིནྟ་མ་ཎིའི་སཱཙྪའི་བརྐོས་ཕོར། (ཙིནྟ་མ་ཎིའི་སཱཙྪའི་བརྐོས་ཕོར་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུངས་ཀྱི་བརྐོས་ཕོར་ཞེས་སཱཙྪ་སྤར་འདེབས་བྱེད་ཅིག) མུ་དྲའི་ཕྱག་རྒྱ་ (ཞེས་ཚད་ཁྲུ་གང་ཙམ་གྱི་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱོན་ཡོད་པ) རྣམས་བྱུང་སྟེ། མིང་གཉན་པོ་གསང་བ་ཞེས་བཏགས་ཏེ་མཆོད་པས་ལོ་བརྒྱ་དང་ཉི་ཤུ་ཐུབ་སྟེ་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་སོ། །དེའི་རྨི་ལམ་དུ་མི་རབས་ལྔ་ (ཆོས་རྒྱལ་སྲོང་བཙམ་སྒམ་པོའི་དུས) ན་འདིའི་དོན་ཤེས་པ་འབྱུང་ངོ་ཞེས་ལུང་བསྟན་ཏོ། །འདི་ལ་ལྷ་ཐོ་ཐོ་རི་སྙན་ཤལ་དང༌། (རྒྱལ་རབ་གསལ་བའི་མེ་ལོང་དང་བུ་སྟོན་ཆོས་འབྱུང་གི་མཆན་བུ་སོགས་སུ་ལྷ་ཐོ་ཐོ་རི་སྙན་ཤལ་ཞེས་སྣང་ངོ) ལྷ་ཐོ་ཐོ་རི་སྙན་བཙན་ཞེས་ཀྱང་སྣང་ངོ༌། །སྒྲ་བཤད་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ཁ་ཅིག་ཕྱིས་ལྷའི་སྙན་ཤལ་ལྟར་སྙན་རིང་པོར་གྱུར་པས་ཐོ་ཐོ་རི་སྙན་ཤལ་བྱུང་ཟེར་བའང་བླུན་སྐད་བཅོས་མ་སྟེ་གཉན་པོ་གསང་བ་ཞེས་པ་ལྟ་བུ་བཀའ་གཉན་པའི་དོན་ཡིན་གྱི་རྣ་བ་ལ་ཞེ་ས་བཅུག་པའི་དོན་མིན་ནོ། །ཞེས་གསུངས་སོ། །