11019

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་བསྐྱེད་ཚུལ་མི་འདྲ་བ་བཞི
Tibetan Definition སྐད་ཅིག་དཀྲོང་བསྐྱེད། ཆོ་ག་གསུམ་བསྐྱེད། མངོན་བྱང་ལྔ་བསྐྱེད། ཞུ་བ་གླུ་བསྐུལ་བྱེད་ཚུལ་དང་བཞི། དེ་ཡང་ཀློང་རྡོལ་བླ་མས། ལྷ་ནི་བསྐྱེད་ལུགས་རྣམ་བཞི་པོ། །མཁའ་ལ་སྤྲིན་ཕུང་རྡོལ་བ་བཞིན། ། སྐད་ཅིག་དཀྲོང་བསྐྱེད་བྱེད་ཚུལ་ཡིན། །ས་བོན་ཕྱག་མཚན་སྐུ་རྫོགས་པ། །ཆོ་ག་གསུམ་བསྐྱེད་བྱེད་ཚུལ་ཡིན། །སྟོང་ཉིད་སྟོང་ཉིད་དམ་དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། འཆི་བ་ཆོས་སྐུའི་ལམ་ཁྱེརཉི་ཟླ་གང་རུང་གཉིས། །ཕྱག་མཚན་ས་བོན་སྐུ་རྫོགས་གསུམ། །ཡེ་ཤེས་ལྔ་རུ་སྦྱར་ནས་བསྐྱེད། །མངོན་བྱང་ལྔ་བསྐྱེད་བྱེད་ཚུལ་ཡིན། །གཙོ་བོ་ཆོས་ཀྱི་དབྱིངས་སུ་བཞུད། །ཚད་མེད་ལྷ་མོ་བཞི་ཡིས་བསྐུལ། །སླར་ཡང་ཆོས་ཀྱི་དབྱིངས་ལས་ལྡང༌། །ཞུ་བ་གླུ་བསྐུལ་བྱེད་ཚུལ་ཡིན། །དེ་བཞི་མ་གཏོགས་བསྐྱེད་ཚུལ་མེད། །ཅེས་ཀློང་རྡོལ་བླ་མས་གསུངས་པ་ལྟར་རོ། །ལྷ་བསྐྱེད་ཚུལ་མི་འདྲ་བ་བཞི་གསུངས་པའི་དགོས་པ་ནི པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་དངོས་གྲུབ་རྒྱ་མཚོའི་སྙིང་པོར། བོད་ཀྱི་བླ་མ་ཁ་ཅིག་གི་བཞེད་ཚུལ་བསྐྱར་བ་ལས། བཅོམ་ལྡན་འདས་ཀྱིས་སྐྱེ་གནས་བཞི་སྦྱོང་བྱེད་དུ་ལྷའི་སྐྱེད་ཆོག་བཞི་གསུངས་ཏེ། དེ་ཡང་སྒོང་སྐྱེས་སྦྱོང་བྱེད་དུ་ཟླ་བར་དཀར་དམར་རམ། ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ས་བོན་ཆུང་བ་ལས་སྐྱེད་པ་ཡིན་ཏེ། མངོན་བརྗོད་བླ་མ་ལས། སྒོང་སྐྱེས་གླུ་ནི་མེད་པ་སྟེ། །སྒྲ་དང་སྒྲ་མིན་སྤངས་པའོ། །ཞེས་གསུངས་པའི་ཕྱིར། མངལ་སྐྱེས་སྦྱོང་བྱེད་དུ་ལྷ་ཡབ་ཡུམ་གྱི་མངལ་དུ་ས་བོན་ལས་སྐྱེད་པ་ཡིན་ཏེ། མངལ་སྐྱེས་གླུ་ཡི་སྦྱོར་བ་ཡིས། །སྒོམ་པ་རྣམས་ནི་ཡོངས་སུ་བརྟག །ཅེས་ཞུ་བ་གླུས་བསྐུལ་ཏེ་སྐྱེད་པར་གསུངས་པའི་ཕྱིར། དྲོད་གཤེད་སྐྱེས་སྦྱོང་བྱེད་དུ་ས་བོན་ལས་སྐྱེད་པ་ཡིན་ཏེ། སྡོམ་འབྱུང་འགྲོལ་བར། ཟླ་བ་དང་ས་བོན་ལས་སྐྱེས་པའི་སྐྱེ་གནས་དྲོད་གཤེར་ལས་སྐྱེས་པའོ། །ཞེས་གསུངས་པའི་ཕྱིར། རྫུས་སྐྱེས་སྦྱོང་བྱེད་དུ་སྐད་ཅིག་གིས་དཀྲོང་སྐྱེད་སྦྱོང་བྱེད་ཡིན་ཏེ། རྡོ་རྗེ་དྲིལ་བུ་བས། རྫུས་ཏེ་སྐྱེས་པའི་སེམས་ཅན་བཞིན། །ས་བོན་མེད་པར་རྣམ་སྣང་བསྒོམ། །ཞེས་གསུངས་པའི་ཕྱིར། དེས་ན་འདིར་བསྐལ་པ་དང་པོའི་མི་རྫུས་སྐྱེས་ཀྱི་སྐྱེ་གནས་སྦྱོང་བའི་ཕྱིར་ལྷག་མོས་ཀྱི་ལྷ་དཀྲོང་སྐྱེད་བྱེད་པ་ཡིན་ནོ། །དེས་ན་གོང་གི་བོད་ཀྱི་བླ་མ་ཁ་ཅིག་གི་བཞེད་པ་མདོར་བསྡུས་ཏེ་བཀོད་ན། བཅོམ་ལྡན་འདས་ཀྱིས་སྐྱེ་གནས་བཞི་སྦྱོང་བྱེད་དུ་ལྷའི་སྐྱེད་ཆོག་བཞི་གསུངས་ཏེ། དེ་ཡང་རྫུས་སྐྱེས་སྦྱོང་བྱེད་དུ་སྐད་ཅིག་དཀྲོང་སྐྱེད། སྒོང་སྐྱེས་སྦྱོང་བྱེད་དུ་མངོན་བྱང་ལྔ་བསྐྱེད། མངལ་སྐྱེས་སྦྱོང་བྱེད་དུ་ཞུ་བ་གླུ་སྐུལ། དྲོད་གཤེར་སྐྱེས་སྦྱོང་བྱེད་དུ་ཆོ་ག་གསུམ་བསྐྱེད་ཡིན་པས་སེམས་སོ། །ཞེས་པ་ལྟར་ཡིན་ནམ་སྙམ་མོ། །