11021

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད
Tibetan Definition ལྷ་བླ་མ་ཡེ་ཤེས་འོད་ནི་ཆོས་ཀྱི་ཕྱིར་སྐུ་སྲོག་བཏང་བའི་བོད་གངས་ཅན་པ་རྣམས་ལ་བཀའ་དྲིན་དང་མཛད་རྗེས་ཤིན་ཏུ་ཆེ་བའི་ཆོས་རྒྱལ་ཞིག་ཡིན། བྱང་ཆུབ་འོད་ནི་ཁོང་གི་ཡང་ཚ་སྤུན་རྒྱུད་ཀྱི་མི་རབས་གསུམ་པ་ཡིན། འདི་གཉིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རྒྱལ་རྒྱུད་ཡིན། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་དེབ་སྔོན་སྟོད་ཆ་༩༨ལས། སྤྱིར་ན་མངའ་རིས་སྟོད་ཀྱི་རྒྱལ་པོ་དེ་རྣམས་ཀྱིས་བསྟན་པའི་ཞབས་ཏོག་བགྱིས་པ་དེ་ལྟ་བུ་ནི་ཡུལ་གཞན་གང་ན་ཡང་མ་མཆིས། ཞེས་གསུངས་པའང་དོན་ལ་གནས་སོ། །འདིའི་ལོ་རྒྱུས་ནི། «ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན» དེའི་སྐུ་མཆེད«གླང་དར་མ»དེ་ཡི་སྲས་«གནམ་སྡེ་འོད་སྲུང»དེ་ཡི་སྲས་«དཔལ་འཁོར་བཙན»དེ་ཡི་སྲས་«བཀྲ་ཤིས་བརྩེགས»དང༌། «སྐྱིད་བདེ་ཉི་མ་མགོན»གཉིས། སྐྱིད་བདེ་ཉི་མ་མགོན་འདི་མངའ་རིས་སུ་ཕེབས་ཏེ་རྒྱལ་སྲིད་བཟུང༌། དེ་ལ་སྲས་གསུམ་བྱུང༌། སྲས་གསུམ་གྱི་ཆུང་བ་«ལྡེ་ཙུག་མགོན» དེ་ཡི་སྲས་«སྲོང་ངེ»ལྷ་བླ་མ་ཡེ་ཤེས་འོདདང༌། «ཁོ་རེ»གཉིས་འཁྲུངས། དང་པོར་སྲོང་ངེས་རྒྱལ་སྲིད་བཟུང༌། དེ་ཡི་སྲས་«ལྷ་བཙུན་ནཱ་ག་རཱ་ཛ»དང༌། «ལྷ་བཙུན་དེ་ཝ་རཱ་ཛ»གཉིས་བྱུང༌། སྐུ་ཚེའི་སྨད་ལ་ཡབ་སྲས་གསུམ་ག་རབ་བྱུང་མཛད་པས་ཡབ་སྲོང་ངེ་ལྷ་བླ་མ་ཡེ་ཤེས་འོད་ཅེས་ཡོངས་སུ་གྲགས་པ་དེ་བྱུང༌། དེ་ནི་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པའི་རྒྱལ་པོ་ཡིན་ཏེ། བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ། །རྒྱལ་པོ་ལྷ་ཞེས་བྱ་བ་འབྱུང༌། །བློན་པོ་ནོར་གྱི་མཐའ་ཅན་འབྱུང༌། །ཞེས་གསུངས་པ་དེ་ཡིན། ཇོ་བོ་བོད་དུ་སྤྱན་འདྲེན་པའི་སླད་དུ། གར་ལོག་གི་རྒྱལ་པོ་ལ་སྐུ་ལུས་བཏང་བས་ཆོས་ཀྱི་ཕྱིར་སྲོག་ཀྱང་བཏང་བའི་རྒྱལ་པོ་ཡིན། སྲོང་ངེའམ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་མཆེད་ཁོ་རེའི་སྲས་«མངའ་བདག་ལྷ་སྡེ» དེ་ཡི་སྲས་«འོད་སྡེ»དང༌། «ཕོ་བྲང་ཞི་བ་འོད»དང༌། «ལྷ་བཙུན་པ་བྱང་ཆུབ་འོད»དང་གསུམ་བྱུང༌། འོད་སྡེས་རྒྱལ་སྲིད་བཟུང༌། ཕྱི་མ་གཉིས་ཀ་རབ་ཏུ་བྱུང༌། ལྷ་བཙུན་བྱང་ཆུབ་འོད་འདིས་དཀའ་ཚེགས་ཆེན་པོའི་སྒོ་ནས། ལོ་ཙཱ་བ་རྒྱ་བཙོན་སེང༌། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གཉིས་རིམ་བཞིན་རྒྱ་གར་དུ་བརྫངས་ཏེ། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་སྤྱན་དྲངས་ནས་བྱང་ཆུབ་ལམ་སྒྲོན་སོགས་ཞུས་སོ། །