11038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཡབ་ཡུམ་ཞལ་སྦྱོར་གྱི་མཚོན་དོན
Tibetan Definition ཐབས་ཤེས་དབྱེར་མེད་དུ་སྦྱོར་བ་མཚོན་པ་ཡིན། གཞན་ཡང༌། ཟུང་འཇུག་གི་གོ་འཕང་དེ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྟོབས་ཀྱིས་འཐོབ་པར་གོ་བའི་ཆེད་དུ་ཡིན་ཏེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། དངོས་གྲུབ་མཆོག་ནི་བདེ་ཆེན་གྱིས་འཐོབ་པའི། །ཚུལ་འདི་བསྟན་ཕྱིར་རིག་མའི་མཆོག་དང་ནི། །མཉམ་སྦྱོར་བླ་མ་དང་པོའི་མགོན་པོ་ཡི། །ཞབས་ཀྱི་པདྨོ་སྤྱི་བོར་ཕྱག་འཚལ་ཏེ། །ཞེས་གསུངས། གཞན་ཡང༌། སྟོང་ཉིད་རྟོགས་པའི་ཡེ་ཤེས་ལྷ་སྐུའི་བཞིན་ལག་གི་རྣམ་པར་ཤར་བ་ཡུམ། བདེ་བ་ཆེན་པོའི་ཡེ་ཤེས་བཞིན་ལག་གི་རྣམ་པར་ཤར་བ་ཡབ། རྒྱུ་ཞི་ལྷག་དང་སྟོང་ཉིད་དང་སྙིང་རྗེ་སོགས་ཟུང་འཇུག་ཏུ་བསྒྲུབས་པས་སྲིད་ཞིའི་མཐའ་སྤངས་ཏེ་ཟུང་འཇུག་རབ་ཏུ་མི་གནས་པ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་འགྲུབ་པའི་དོན་ནོ། །རྗེའི་འདོད་འཇོ་ལས་ཀྱང༌། ཡུལ་སྟོང་ཉིད་དེ་ཡུལ་ཅན་གཞན་གྱིས་བསྒོམས་པ་ལས་ཁྱད་པར་དུ་གྱུར་པའི་ལྷན་སྐྱེས་ཀྱི་བདེ་བས་སྒོམ་དགོས་པར་བསྟན་པའི་ཕྱིར་དུ་ཡབ་ཡུམ་ཕན་ཚུན་སྦྱོར་བའི་རྣམ་པ་ཅན་དུ་མཛད་པ་ནི། ལམ་འདིའི་གནད་དམ་པ་ཡིན་པས། སྤྱིར་ཐབས་ཤེས་དབྱེར་མེད་དུ་སྦྱོར་བ་མཚོན་ཞེས་པ་ཙམ་མིན་པར་ཁྱད་པར་ཐོན་པ་ཅིག་དགོས་སོ། །ཞེས་གསུངས། རྣམ་པར་དག་པའི་ཚུལ་འདི་ལྟ་བུ་མི་ཤེས་པར་འཁྲིག་པའི་འདོད་ཆགས་ཀྱིས་ལྷ་ཞལ་སྦྱོར་དུ་རློམ་པ་སོགས་ནི་སངས་རྒྱས་པའི་གསང་སྔགས་ཡང་དག་མ་ཡིན་པར་བཤད་དོ། །