11045

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཡི་ལྷ
Tibetan Definition <དེ་བཱ་ཏི་དེ་བ> 1 སྟོན་པ་ཐུབ་པའི་དབང་པོ། སྒྲ་བཤད་ནི། འཇིག་རྟེན་པའི་ལྷ་དབང་ཕྱུག་དང་བརྒྱ་བྱིན་དང་ཚངས་པ་དང༌། ཁྱབ་འཇུག་ལ་སོགས་པ་ནི་ལྷ་ཡིན་ལ། དེ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་གང་གི་ཞབས་ཀྱི་པདྨོ་གུས་པས་གཙུག་གི་རྒྱན་དུ་བསྟེན་པས་བཅོམ་ལྡན་འདས་ལ་ལྷ་ཡི་ལྷ་ཞེས་བརྗོད། ཡང་ན། བཅོམ་ལྡན་འདས་བལྟམས་ནས་རིང་པོར་མ་ལོན་པའི་སྐབས། འཇིག་རྟེན་པའི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་ཞེས་བྱ་བས། རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་ཞབས་གཉིས་ལ་ཕྱག་བྱས་པས། ལྷ་ཡི་ལྷ་ཞེས་བརྗོད་དོ། །དེ་ཡང་འདུལ་བ་ལུང་གཞི་༼ ག་པ ༽༢༨༢ན༡ལས། གྲོང་ཁྱེར་སེར་སྐྱའི་གཞི་ན་གནོད་སྦྱིན་ཤཱཀྱ་འཕེལ་ཞེས་བྱ་བ་ཞིག་གཉུག་མར་གནས་སོ། །ཤཱཀྱ་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི་ཤཱཀྱ་སུ་ཡང་རུང་བ་ལ་ཁྱེའུའམ་བུ་མོ་བཙས་པ་གང་ཡིན་པ་དེ་གནོད་སྦྱིན་ཤཱཀྱ་འཕེལ་གྱི་རྐང་པ་ལ་ཕྱག་འཚལ་དུ་གཞུག་པའི་ཕྱིར་ཁྲིད་པ་ཡིན་པས་རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་གཞོན་ནུ་གནོད་སྦྱིན་ཤཱཀྱ་འཕེལ་གྱི་རྐང་པ་ལ་ཕྱག་འཚལ་དུ་ཆུག་ཤིག །ལྷ་བཀའ་བཞིན་འཚལ་ཞེས་བློན་པོ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་ལ་མཉན་ནས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་ཁྱོགས་ཀྱི་སྟེང་དུ་བྱང་ཆུབ་སེམས་དཔའ་བཞག་ནས་གྲོང་ཁྱེར་སེར་སྐྱའི་གཞིར་འཇུག་པར་བརྩམས་པ་ན། སེར་སྐྱའི་གཞིའི་ཤཱཀྱ་གཏུམ་པོ་གཟུ་ལུམས་ཅན། རྩུབ་པ། བཙམ་པ་མེད་པ་དེ་རྣམས་བྱང་ཆུབ་སེམས་དཔའ་ནང་དུ་ཞུགས་པ་ན་ཐུབ་པ་བཞིན་དུ་གནས་པ་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ་དང༌། རྒྱལ་པོ་ཟས་གཙང་གིས་བསམས་པ། སེར་སྐྱའི་གཞིའི་ཤཱཀྱ་འདི་རྣམས་ནི་གཏུམ་པོ་གཟུ་ལུམས་ཅན་བཙམ་པ་མེད་པ་ཡིན་ན་གཞོན་ནུ་ནང་དུ་ཞུགས་པ་ན་ཐུབ་པ་བཞིན་དུ་གནས་པས་གཞོན་ནུའི་མིང་ཤཱཀྱ་ཐུབ་པ་ཞེས་གདགས་སོ་ཞེས་དེ་ན་བྱང་ཆུབ་སེམས་དཔའི་མིང་གཉིས་པ་བཏགས་པ་འདི་ལྟ་སྟེ་ཤཱཀྱ་ཐུབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གནོད་སྦྱིན་ཤཱཀྱ་འཕེལ་གྱི་གནས་དང་ཉེ་བ་ཞིག་ཏུ་བྱོན་པ་དང༌། གནོད་སྦྱིན་ཤཱཀྱ་འཕེལ་གྱིས་བྱང་ཆུབ་སེམས་དཔའ་གནས་དང་ཉེ་བར་ཕྱིན་པ་མཐོང་ངོ་། །མཐོང་ནས་ཀྱང་ཕྱིར་བྱུང་ནས་ལུས་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་གཏུགས་པ་སྐྱེ་བོའི་ཚོགས་ཀྱིས་རྒྱལ་པོ་ཟས་གཙང་ལ་སྨྲས་པ། ལྷ་གནོད་སྦྱིན་ཤཱཀྱ་འཕེལ་གྱིས་བྱང་ཆུབ་སེམས་དཔའི་ཞབས་གཉིས་ལ་གཏུགས་ལགས་སོ། །རྒྱལ་པོས་ཐོས་ནས་སྨྲས་པ། ཤེས་ལྡན་དག་ལྷས་ཀྱང་གཞོན་ནུའི་རྐང་པ་གཉིས་ལ་གཏུགས་པས་འདི་ནི་ལྷའི་ཡང་ལྷ་ཡིན་པས། དེ་བས་ན་གཞོན་ནུའི་མིང་ལྷའི་ཡང་ལྷ་ཞེས་གདགས་སོ་ཞེས་དེ་ན་བྱང་ཆུབ་སེམས་དཔའི་མིང་གསུམ་པ་བཏགས་པ་འདི་ལྟ་སྟེ་ལྷའི་ཡང་ལྷ་ཞེས་བྱའོ། །ཞེས་གསུངས་སོ། །2 རྒྱལ་པོའི་ཡང་རྒྱལ་པོ། ལྷ་ནི་རྒྱལ་པོ་ལའང་འཇུག་པས་རྒྱལ་པོའི་ཡང་རྒྱལ་པོ་ཡིན་པས་ན། ལྷ་ཡི་ལྷའོ། །