11053

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ལྡན
Tibetan Definition ལྷ་སའི་མིང་གསར་པ། ལྷ་སའི་གདོད་མའི་མིང་ལ། ར་ས་ (ཡིག་རྙིང་ཐམས་ཅད་ལ་ར་ས་ཞེས་འབྱུང་གི་ལྷ་ས་ཞེས་མི་འབྱུང་བར་བཤད) ཞེས་བྱ་ལ། (ཡུལ་གྲུ་དུ་མའི་སྐད་ལ་རའི་ཚབ་ཏུ་ལ་འབོད་པ། དཔེར་ན་རཱཛ་ལ་ལཱཛ་ཞེས་འབོད་པ་དང༌། ར་ཧུ་ལ་བྱ་བ་ལ་ལ་ཧུ་ལ་བྱ་བར་འབོད་པ། རཉྫན་ལ་ལཉྫན་ཞེས་འབོད་པ་ལ་བརྟེན་ནས) ལ་ས་ཞེས་འབོད་པ་འབྱུང༌། (ལ་ས་ཞེས་པའི་ཚིག་ལ་གོ་རྒྱུ་མེད་མོད། གོ་རྒྱུ་ཡོད་པར་བཅོས་ཏེ་ལྷ་ས་ཞེས་འབོད་པ་འབྱུང་ཞེས་དགེ་ཆོས་གསུངས) དེ་ནས་ལྷ་ས་ཞེས་འབོད་པ་འབྱུང༌། དེ་ནས་ལྷ་ལྡན་དུ་སྤོས་པར་བཤད། འཇམ་དཔལ་རྩ་རྒྱུད་ལས། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བྱི་རྣམས་རིགས་སུ་འབྱུང༌། །ཞེས་པའི་ལུང་འདི་ལ་བརྟེན་ནས་ལྷ་ས་ནས་ལྷ་ལྡན་དུ་སྤོས་པར། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བཤད། ཞིབ་པར་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་ཤེས་པར་བྱའོ། །སྒྲ་བཤད་ནི། ལྷ་ས་ལ་ལྷ་ལྡན་ཟེར་བ་ནི། ཇོ་ཤག་རྣམ་པ་གསུམ་ལ་སོགས་པའི་ལྷ་སྐུའི་རྟེན་རྩ་ཆེན་རྣམས་གང་དུ་བཞུགས་པའི་ཡུལ་ལམ་གནས་ཡིན་པས་ལྷ་ལྡན་ཞེས་བྱ་བའམ། ཡང་ན། ལྔ་ལྡན་ཟུར་ཆགས་པ་སྟེ། རང་བྱོན་ལྔ་ལྡན་གྱི་གཙུག་ལག་ཁང་དེར་ཡོད་པས་དེ་སྐད་ཅེས་ཟེར། རང་བྱོན་ལྔ་ལྡན་ནི། ལྷ་སའི་གཙུག་ལག་ཁང་དུ་ཡོད་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ལ་ཟེར་ལ། རང་བྱོན་ནམ་རང་བྱུང་ལྔ་ནི། ཇོ་བོ་བཅུ་གཅིག་ཞལ་གྱི་སྲོག་ཤིང་ཙན་དན་སྦྲུལ་གྱི་སྙིང་པོ་ལ་རང་བྱོན་འཕགས་པའི་སྐུ་དང་གཅིག སྐུ་སྟོད་བཞེངས་མ་དགོས་པར་རང་བྱོན་དུ་བྱུང་བ་གཉིས། རྒྱ་བཟའ་ནུ་མ་གཡས། བལ་བཟའ་ནུ་མ་གཡོན། རྒྱལ་པོ་སྲོང་བཙན་སྒམ་པོ་རང་ཉིད་ཐུགས་ཀར་ཐིམ་ཞིང་སྤྲུལ་པའི་སྐུ་ཡི་བཀོད་པ་སྡུད་པ་དང་གསུམ་སྟེ་ལྔ་ལ་ཟེར། ཀློང་རྡོལ་བླ་མས་གསུངས་པ་ལྟར་བཀོད།