11073

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་མཐོང
Tibetan Definition <ཝི་པ་ཤྱ་ནཱ> 1 ཞི་གནས་ཀྱི་ངང་ནས་རང་གི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་སྙོམས་པར་འཇུག་པའི་ཤེས་རབ་ཅིག་ལ་ཟེར། སློབ་དཔོན་ཀ་མ་ལ་ཤཱི་ལའི་སྒོམ་རིམ་བར་པ་ལས། དེ་ལ་ཐོག་མར་རེ་ཞིག་ཞི་གནས་བསྒྲུབ་པར་བྱ་སྟེ། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས་ནང་དུ་དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་ལ་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞི་གནས་དེ་ཉིད་ལ་དམིགས་པའི་ཚེ་དེ་ཁོ་ན་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས་ཇི་སྐད་དུ། ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ་ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས་སོ། །སྒྲ་བཤད་ནི། གནས་ཆ་ཙམ་དུ་མ་ཟད་དེ་བས་ལྷག་པའི་ཤེས་རབ་ཀྱིས་དཔྱོད་པའི་ཡོན་ཏན་ཁྱད་པར་ཅན་ཐོབ་པས་ལྷག་མཐོང་ཞེས་བྱའོ། །འདི་ནི་ཡོངས་གྲགས་ཀྱི་ལྷག་མཐོང་གི་སྒྲ་བཤད་ཚུལ་ཡིན་མོད། དེ་ནི་ལེགས་པར་མ་མཐོང་སྟེ། སྒྲ་སྦྱོར་བམ་གཉིས་ལས། ཝི་པ་ཤྱ་ནཱ་ཞེས་བྱ་བ་ཝི་ནི་ཝིཤེཥ་སྟེ། ཁྱད་པར་རམ་ལྷག་པ། པཤྱན་ནི་མཐོང་བའམ་ལྟ་བ་ལ་བྱ། སྤྱིར་ན་ཤེས་རབ་ཀྱིས་དངོས་པོའི་རང་བཞིན་ལྷག་པར་རྟོགས་པའི་རང་བཞིན་ཏེ་ལྷག་མཐོང་ཞེས་བྱ། ཞེས་གསུངས་པ་ལྟར་དང་། གཞན་ཡང་ “ཝི་པ” ནི་རྣམ་པར་ལའང་བསྒྱུར་བས། དཔེར་ན་ “ཝི་པ་ཤ་མ” ཞེས་པ་ “རྣམ་པར་ཞི་བ་ལ་བསྒྱུར་བ་ལྟ་བུའོ། །དེས་ན་ལྷག་མཐོང་། ལྷག་པར་མཐོང་བ། རྣམ་པར་མཐོང་བ། ཡོངས་སུ་མཐོང་བ། ཡང་དག་པར་མཐོང་བ། རྫོགས་པར་མཐོང་བ། ལེགས་པར་མཐོང་བ་རྣམས་གོ་དོན་འདྲའོ། །ལྷག་མཐོང་འདི་དཔྱད་འཇོག་གཉིས་ཀྱི་ནང་ནས་དཔྱད་སྒོམ་ཡིན། མཁས་གྲུབ་ཆོས་རྗེའི་རྟོགས་པ་དང་ལྡན་པ་དག་ལ་གཏམ་དུ་བྱ་བ་གཟུགས་བརྙན་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་གསུང་ཐོར་བུའི་༤༤བ༦ལས། ཅིར་ཡང་མི་འཛིན་གང་དུའང་མི་སེམས་པར། །མ་བཅོས་གསལ་ལ་མི་རྟོག་ངོས་གཟུང་མེད། །བོན་དང་རྫོགས་ཆེན་ཧྭ་ཤང་ཏིང་འཛིན་ལ། །མཆོག་ཏུ་འཛིན་པ་ལྷག་མཐོང་གཟུགས་བརྙན་ཡིན། །ཞེས་གསུངས་ཀྱང་གསུངས་སོ། །2 (བཀའ་བརྒྱུད) སྤྲོས་པ་ཐམས་ཅད་བྲལ་བའི་སེམས་ཀྱི་ངོ་བོ་ཡུལ་མེད་རང་གསལ་དེ་རྗེན་ལྷག་གེར་མཐོང་བ་ལ་ལྷག་མཐོང་ཟེར། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཕྱག་ཆེན་ངེས་དོན་སྒྲོན་མེ་ལས། དེ་ནས་སེམས་ཀྱི་དང་པོ་བྱུང་ས། ཐ་མ་འགྲོ་ས། བར་དུ་གནས་ས། དབྱིབས་ཁ་དོག། གཅིག་དང་དུ་མ་སོགས་རྩད་བརྡར་ཞིབ་ཆ་ཡང་ནས་ཡང་དུ་བཅད་པས། གང་ནས་སྐྱེས་མེད། འདི་ན་འགག་ཟེར་བ་མེད། ད་ལྟ་འདིར་གནས་ཀྱི་ཡུལ་མེད། དབྱིབས་ཁ་དོག་སོགས་ངེས་བཟུང་བྱར་མེད། སྤྲོས་པ་ཐམས་ཅད་བྲལ་བའི་སེམས་ཀྱི་ངོ་བོ་ཡུལ་མེད་རང་གསལ་དེ་རྗེན་ལྷག་གེར་མཐོང་བ་ལ་ལྷག་མཐོང་ཞེས་བྱ་བ་ཡིན་ཀྱང་། ཉམས་ཀྱི་མྱོང་བ་ཙམ་ལས་རྟོགས་པའི་རང་ངོ་མཐོང་བ་དངོས་ནི་མིན་འདུག། འདི་སྐབས་བལྟ་བྱ་ལྟ་བྱེད་གཉིས་སུ་མེད་པར་ངེས་ཤེས་སྐྱེས་ནས་མ་བཅོས་པར་ཞོག་གསུངས་པ་དེ་འདི་ཡིན་པར་འདུག་སྙམ་པའང་འབྱུང་། ཞེས་གསུངས་སོ། །