11092

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷང་ཚེར
Tibetan Definition (འདུལ་བ) ཤེལ་དཀར་པོ་འདྲ་བའི་རྡོ་དྭངས་ཤིང་མཉེན་ལ་ཤིང་གྲོ་བའི་པགས་པ་ལྟར་ཕྱི་ནང་མང་དུ་ཕྱེ་བཏུབ་པ་དངུལ་ཤོག་ལྟ་བུས་ཤེལ་སྒོ་བྱེད་རུང་བ་ཞིག་ལ་བཤད་དོ། །འདུལ་བ་ལུང་ཕྲན་ཚེགས་ལས། མར་མེའི་ཁང་བུའི་ཆེད་དུ་རས་དཀར་པོ་མ་རྙེད་ན། ལྷང་ཚེར་བེད་སྤྱོད་བྱེད་དགོས་པར་གསུངས་སོ། །དེ་ཡང་འདུལ་བ་ལུང་ཕྲན་ཚེགས་༼ ཐ་པ ༽༡༦༢ན ༡ལས། དགེ་སློང་དག་གིས་མར་མེའི་ཁང་བུ་ཇི་ལྟར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨྱིག་མའི་ཚལ་པ་གཟེར་བུར་གྱིས་ལ་རས་དཀར་པོས་གཡོག་པར་བྱའོ། །རས་དཀར་པོ་མ་རྙེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷང་ཚེར་གྱིས་གཡོག་པར་བྱའོ། །དེ་ཡང་མ་རྙེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བུ་ག་བརྒྱ་པ་བྱའོ། །ཞེས་གསུངས་པ་ལྟར་རོ། །ཡང་འདི་རྨ་གསོ་ཞིང་དུག་ནད་སེལ་བའི་སྨན་ཞིག་ཀྱང་ཡིན་པར་དྲི་མེད་ཤེལ་ཕྲེང་སོགས་སྨན་གཞུང་རྣམས་ལས་བཤད་ཅིང་། དེ་བསྲེགས་ན་ཚོན་དུ་རུང་བའང་བཤད་ཅིང་། འདི་ལ་དཀར་སེར་དམར་ནག་གི་རིགས་བཞི་ཡོད་པར་བཤད་དོ། །