11116

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷན་སྐྱེས་ཀྱི་བདེ་བ
Tibetan Definition 1 རོ་རྐྱང་གི་རླུང་ཨ་བ་དྷཱུ་ཏཱིར་བཙུད་པའི་དབང་གིས་གཏུམ་མོ་སྦར་ཞིང་བྱང་སེམས་བཞུས་པ་ལས་སྐྱེས་པའི་བདེ་བ་ལ་ཟེར། རྗེའི་རིམ་ལྔ་གསལ་སྒྲོན་ལས། དེ་ལྟར་ན་བདེ་སྟོང་སྦྱོར་བར་གསུངས་བའི་བདེ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ལ། དེ་ཐོག་མར་སྐྱེ་བ་ནི་རོ་རྐྱང་གི་རླུང་ཨ་བ་དྷཱུ་ཏཱིར་བཙུད་པའི་དབང་གིས་གཏུམ་མོ་སྦར་བས་བྱང་སེམས་བཞུས་པ་ལས་སྐྱེ་ལ། དེའི་བདེ་བ་དང་སྔར་བཤད་པའི་བདེ་བ་རྣམས་བདེ་བ་ཙམ་དུ་མཚུངས་ཀྱང༌། དོན་ཤིན་ཏུ་ཁྱད་ཆེ་བས་མ་འཁྲུལ་བར་སོ་སོར་ཕྱེད་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །མདོར་ན། བསྒོམས་སྟོབས་ཀྱིས་རླུང་རྩ་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་བདེ་བ་ཁྱད་པར་ཅན་དེ་ལ། ལྷན་སྐྱེས་ཀྱི་བདེ་བ་ཟེར་རོ། །རྗེའི་རིམ་ལྔ་གདན་རྫོགས་ལས་ཀྱང་། དེ་ཡང་སེམས་བྱིང་རྒོད་དང་བྲལ་བའི་མི་རྟོག་པ་བསྐྱངས་པའི་བདེ་གསལ་མི་རྟོག་པའི་བདེ་བ་ནི། ཆོས་འདི་པ་དང་གཞན་པ་དང༌། ཐེག་པ་ཆེ་ཆུང་དང༌། རྒྱུད་སྡེ་གོང་འོག་ཐུན་མོང་བ་ཡིན་པས། ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བའི་ཞུ་བདེའི་བདེ་ཆེན་མིན་ལ། བསྐྱེད་རིམ་གྱི་ལམ་ལ་ཡང་ཡེ་རྒྱ་ལ་བརྟེན་པའི་ཞུ་བདེ་མང་དུ་འབྱུང་ཡང༌། རླུང་ཐིམ་པའི་བདེ་ཆེན་མིན་པས་རྫོགས་རིམ་པའི་ལྷན་སྐྱེས་ཀྱི་བདེ་ཆེན་ལ་རླུང་དྷཱུ་ཏཱིར་ཐིམ་པའི་བདེ་ཆེན་དགོས་པས། འདིར་ཕྲ་མོ་སོགས་ལ་དམིགས་ནས་ལུས་ཀྱི་གནད་དུ་མ་བསྣུན་པར་སྟོང་པ་ཙམ་བསྒོམས་པས། རྫོགས་རིམ་པའི་བདེ་ཆེན་མི་རྙེད་པས་ཕྲ་མོ་སོགས་ཀྱི་རྣལ་འབྱོར་བསྒོམས་པའི་མཐུས་བདེ་ཆེན་དྲངས་ནས་བདེ་སྟོང་སྦྱར་ཏེ་སྒོམ་པ་ཡིན་པ་འདི། འདི་འདྲ་བའི་སྐབས་ཀུན་ཏུ་ཤེས་པར་གྱིས་ཤིག ཅེས་གསུངས་པ་ལྟར་རོ། །ལྷན་སྐྱེས་ཀྱི་དོན་ཡང༌། གང་ཟག་དེ་འཁོར་བ་ཐོག་མེད་ནས་འགྲོ་བ་བཟང་ངན་ཅི་འདྲར་གྱུར་ཀྱང་དེའི་རྒྱུད་ལ་འབྲལ་མེད་དུ་གནས་པས་ལྷན་སྐྱེས་ཞེས་བྱ།