11137

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷའི་བཞུགས་སྟངས་མི་འདྲ་བའི་སྐོར
Tibetan Definition (གསང་སྔགས) བྱིན་པ་གཡས་སྟེང་གཡོན་པ་བཞག །པུས་མོ་སྨད་པ་པད་མའི་སྟབས། །ལོང་བུ་བསྣོལ་ཏེ་མཐེ་བོང་དག །རྩེ་མོ་སྤྲད་པ་ལ་ཡང་ཟེར། །གཡས་པ་རྡོར་སྐྱིལ་ལྟ་བུ་ལ། །གཡོན་པ་གཡས་པའི་བརླ་འོག་བཞག །སེམས་དཔའི་སྐྱིལ་མོ་ཀྲུང་ཞེས་བྱ། །གཡོན་པ་བཀན་པའི་སོར་མོ་རྣམས། །གཡས་པའི་བརླ་ལ་མ་རེག་ཙམ། །གཡས་པ་འགྱིང་སྟབས་བརྐྱང་བ་ནི། །སྐྱིལ་ཀྲུང་ཕྱེད་པ་ཞེས་བྱའོ། །གཡོན་བརྐྱང་དྲང་བ་གདན་ལ་བཙུགས། །དེ་ཡི་བརླ་ལ་གཡས་མཐིལ་སྦྱར། །བཞེངས་པའི་ཕྱེད་སྐྱིལ་གར་སྟབས་སོ། །གཡོན་པའི་བྱིན་པ་བསྐུམ་པ་ལས། །གཡས་པ་འགྱིང་བཅས་དོར་སྟབས་ཅན། །གཡས་བརྐྱང་བཟློག་པ་གཡོན་བརྐྱང་ངོ༌། །སོར་མོ་མདུན་བསྟན་རྟིང་བར་དུ། །ཁྲུ་གང་སོར་གཉིས་བརླ་བྱིན་པ། །དྲང་པོར་བསྲང་བ་ས་གའི་སྟབས། །དེ་བས་ལུས་སྨད་པུས་མོའི་བར། །ཁྲུ་དོ་ངང་པའི་གཤོག་པ་ལྟར། །ལོགས་སུ་བརྐྱངས་པ་ཟླུག་པོ་ཟེར། །སོར་མོ་བཅུ་པོ་མདུན་དུ་བསྒྲིགས། །དྲང་པོར་བཞེངས་པ་མཉམ་པའི་སྟབས། །རྐང་གཉིས་ཁྲི་ལས་ཐུར་དུ་བརྐྱང༌། །སོར་མོ་མདུན་བསྟན་བཟང་པོའི་སྟབས། །ཞབས་མཐིལ་ཁ་སྦྱར་བདེ་ལེགས་ཅན། །ཙོག་པུར་རྐང་གཉིས་མཐོ་གང་བར། །སྟན་ལ་བཀོད་པ་ཙོག་པུའི་སྟབས། །གཡས་པའི་ཕྱེད་ཀྲུང་སོར་མོ་རྣམས། །གཡོན་པའི་ལོང་བུར་གཏད་པ་ན། །གཡོན་རོལ་ཡིན་ཞིང་གཡས་རོལ་བཟློག །འདི་ནི་བཞེངས་པ་ལ་ཡང་སྦྱར། །གཡོན་པའི་སྐྱིལ་ཀྲུང་ཕྱེད་པ་ལ། །དེ་དང་ཉེ་བར་གཡས་པ་ཡི། །པུས་མོ་དྲང་པོར་བཞག་པ་ནི། །དཔའ་བོའི་འདུག་སྟངས་ཞེས་བྱའོ། །གཡོན་པ་དེ་བཞིན་བྱས་པའི་སྟེང༌། །པུས་མོ་གཡས་པ་བསྙལ་བ་ལས། །རྐང་གཡས་གཡོན་པའི་བརླ་མཐིལ་དུ། །བཞག་པ་དཔའ་མོའི་འདུག་སྟངས་སོ། །མི་མཉམ་རུས་སྦལ་བུང་བའི་སྟབས། །དེ་སོགས་འདིར་ནི་མ་སྨོས་སོ། །ཞེས་ཞབས་ཀྱི་སྟངས་སྟབས་ཁྱད་པར་སོགས་ཤིན་ཏུ་མང་པོ་རྣམས་ཀྱང་ཁོང་དུ་ཆུད་པར་བྱའོ། །ཞེས་ཤེས་བྱ་ཀུན་ཁྱབ་མཛོད་དེབ་དང་པོ་༢༥༨ ན་གསལ།