11170

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན
Tibetan Definition རྗེ་ཙོང་ཁ་པ་ཆེན་པོས་བཀའ་གདམས་ལམ་རིམ་གསན་ཡུལ་གྱི་བླ་མ་ཞིག ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ། ལྷོ་བྲག་མཁན་ཆེན་ཕྱག་རྡོར་བ། ལྷོ་བྲག་རྗེ་བཙུན་ཕྱག་རྡོར་བ། བླ་མ་ཕྱག་རྡོར་བ། རྗེ་བཙུན་ཕྱག་རྡོར་བ། གྲུབ་ཆེན་ལས་ཀྱི་རྡོ་རྗེ། ལས་ཀྱི་རྡོ་རྗེ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱིས་རྗེ་རིན་པོ་ཆེ་ཐོག་མར་མཇལ་སྐབས། ལྷོ་བྲག་གྲུབ་ཆེན་པ་དགུང་གྲངས་བདུན་ལ་ཕེབས་ཡོད། ལྷོ་བྲག་གྲུབ་ཆེན་དང་མཇལ་ཚུལ་ལས། ལྷོ་བྲག་མཁན་ཆེན་དང་མཇལ་ཚུལ་གྱི་ལོ་རྒྱུས་འདི་རྣམས་ནི། རྗེའི་དངོས་སློབ་བཤེས་གཉེན་ཀུན་དགའ་བཟང་པོ་དང༌། མདོ་ཁམས་པ་རྒྱལ་མཚན་བཟང་པོ་སོགས་དགེ་བའི་བཤེས་གཉེན་མང་པས་མཁན་ཆེན་ཕྱག་རྡོར་བ་མཇལ་བར་བྱོན་ནས་ཁོང་རྣམས་ཀྱིས་མཁན་ཆེན་ལ་བདག་ཅག་གི་བླ་མ་དམ་པ་ཙོང་ཁ་པ་ཆེན་པོས་ཁྱེད་ཀྱི་མཚན་བརྗོད་པ་ན་མཚུངས་མེད་ནམ་མཁའ་རྒྱལ་མཚན་པ་ཞེས་དང༌། ལྷོ་བྲག་རྗེ་བཙུན་ཕྱག་རྡོར་བ་འདི་སྐད་གསུངས་ཞེས་བཀའ་དྲིན་ཆེ་ཞིང་ངོ་མཚར་བའི་བསྔགས་པ་མཛད་ཀྱིན་འདུག་པས་རྗེ་ཙོང་ཁ་པ་དང་མཇལ་དུས་ངོ་མཚར་བའི་གཟིགས་སྣང་དང༌། རྟགས་རྟེན་འབྲེལ་འབྱུང་ཚུལ་རྣམས་གསུང་འཚལ་ཞེས་ནན་ཆེར་ཞུས་པའི་ངོར་མཁན་ཆེན་ཉིད་ནས་བཀའ་སྩལ་ཚུལ་གྱི་ཟིན་བྲིས་ཉུང་ངུ་ཡི་གེར་འཁོད་པ་ཞིག་འདུག་པ་ལྟར་བཀོད་པའོ། །ཞེས་གསུངས། རྗེའི་རྣམ་ཐར་ཆེན་མོར་ཡང་དེ་བཞིན་བཀོད་ཡོད། གཞན་ཡང་། དེ་ཉིད་ལས། རྗེའི་རྣམ་ཐར་ཆེན་མོ་ལས། གཞན་ཡང་འཕགས་བོད་ཀྱི་ཡུལ་དུ་པན་གྲུབ་སོགས་ཀྱི་རྣམ་རོལ་ཇི་སྙེད་བཟུང་བའི་ཚུལ་ནི། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་གསང་རྣམ་དུ། གྲུབ་ཆེན་དེ་ཉིད་ཀྱིས་གསང་བའི་བདག་པོ་ལ་བླུན་པོ་བ་ལང་རྫིས་ཀྱང་ཚིག་ཟིན་ཅིང་དོན་རྟོགས་པའི་ཆོས་ཁ་གསལ་ལ་ཚིག་ཉུང་བ། དོན་རྒྱ་ཆེ་བ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མྱུར་དུ་རྟོགས་པའི་ཆོས་ཤིག་མ་ཏི་བྷ་དྲ་ཤྲཱི་ཞུས་ངོར་བདག ལས་ཀྱི་རྡོ་རྗེས་གསོལ་བ་བཏབ་པའི་དོན་དུ་གདམས་པ་ཐུན་མོང་མ་ཡིན་པ་ཞིག་བསྟན་དུ་གསོལ་ཞེས་ཞུས་པ་ན། ཞེས་གསུངས་སོ། །