11242

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤའི་མིག
Tibetan Definition 2 ཤའི་སྤྱན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དཔག་ཚད་བརྒྱའི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་མཐོང་བའི་ཤིན་ཏུ་དང་བའི་མིག་དབང་གཟུགས་ཅན་པ་ཞིག་ལ་ཟེར། འོན་ཀྱང་དོགས་པ་འདི་ལྟར་ཡོད་དེ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྤྱི་དོན་རོལ་མཚོ་ལས། ཁོ་ན་རེ། ཤའི་མིག་གིས་གཟུགས་མཐོང་བར་ཐལ། ལྷའི་མིག་གིས་གཟུགས་མཐོང་བའི་ཕྱིར་ཏེ། རྣམ་བཤད་ལས། ཚེ་འདིར་བསམ་གཏན་སྒོམ་པའི་མངོན་པར་འདུ་བྱེད་པ་ལས་བྱུང་བའི་ལྷའི་མིག་ནི། བསྐལ་བ་དང་མ་བསྐལ་བའི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བ་བསྒོམ་པ་ལས་བྱུང་བའི་མཉམ་པར་བཞག་པའི་སས་བསྡུས་པའི་གཟུགས་ཅན་དང་བ་ཡིན་ལ། མངོན་ཤེས་ནི་དེའི་བདག་རྐྱེན་ལ་བརྟེན་པ་ཆོས་གཉིས་དང་མཚུངས་པར་ལྡན་པའི་ཡིད་ཀྱི་ཤེས་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལྷའི་མིག་གིས་དེ་འདྲའི་གཟུགས་མཐོང་བའི་མངོན་ཤེས་ཀྱི་བདག་རྐྱེན་བྱེད་པའི་དོན་ཡིན་པའི་ཕྱིར། ཞེས་ཤའི་མིག་གི་གཟུགས་མི་མཐོང་བར་གསུངས་པ་ཇི་ལྟར་འགྲེལ་ཞེ་ན། ཁོ་བོ་ནི་ལུང་དེ་སྒྲ་བཞིན་པར་ཁས་མི་ལེན་ནོ། །དེ་ལྟར་བླངས་ན། འོ་ན་མིག་གིས་གཟུགས་མི་མཐོང་བར་ཐལ། ཤའི་མིག་གིས་གཟུགས་མི་མཐོང་བར་འདོད་པའི་ཕྱིར། འདོད་ན། མིག་ལ་གཟུགས་མི་སྣང་བར་ཐལ་ལོ། །