11263

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤཱ་རིའི་བུ
Tibetan Definition (འདུལ་བ) མཆོག་ཟུང་གི་ཡ་གྱལ་ཤེས་རབ་ཅན་རྣམས་ཀྱི་མཆོག་ཏུ་གྱུར་པའི་སྟོན་པའི་འཁོར་སློབ་ཅིག སྒྲ་བཤད་ནི། མའི་མིག་གཉིས་བྱ་ཤཱ་རི་ཀཱ་འདྲ་བས་དེའི་མིང་ཤཱ་རི་ཀཱ་ཞེས་བཏགས་ལ། དེའི་བུ་ཡིན་པས་ཤཱ་རིའི་བུའོ། །འདུལ་བ་ལུང་གཞི་ན་གསལ། བྲམ་ཟེ་སྐར་རྒྱལ་གྱི་བུ་ཡིན་པས་ཉེ་རྒྱལ་ཀྱང་བཏགས་ལ། ཉེ་རྒྱལ་ནི་ཕ་ལས་དྲས་པའི་མིང་དང་ཤཱ་རིའི་བུ་ནི་མ་ལས་དྲས་པར་འདུལ་བ་ལུང་གཞི་ལས་བཤད། ཤཱ་རིའི་བུ་ཡབ་སྐར་རྒྱལ་རྒྱང་འཕེན་གྱི་གཞུང་ལ་མཁས་ཤིང་རྣམ་རིག་ཤིན་ཏུ་བཀྲ་བས། ཡུམ་ཤཱ་རི་ཀས་ཇི་ཙམ་བརྩད་ཀྱང་ཕམ་པར་གྱུར་མོད། ནམ་ཞིག་ན་ཤཱ་རིའི་བུ་མའི་མངལ་དུ་ཆགས་པ་དེའི་ཚེ། དེའི་བྱིན་མཐུས་ཤཱ་རི་ཀས་རང་གི་ཁྱོ་བྲམ་ཟེ་སྐར་རྒྱལ་རྩོད་པའི་སྒོ་ནས་ཕམ་པར་བྱས་པའི་ལོ་རྒྱུས་འདུལ་བ་ལུང་ན་གསལ་ཞིང་། གཞན་ཡང་བཅོམ་ལྡན་འདས་ཀྱིས། ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་སྟོན་པའི་ཉན་ཐོས་ཀྱི་མཆོག་དང་། ཅིག་ནི་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་འགྱུར་ལ། ཅིག་ཤོས་ནི་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་འགྱུར་རོ་ཞེས་ལུང་ཡང་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་ཞིང་དགེ་སློང་དག་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང༌། དེ་དག་བཅོམ་ལྡན་འདས་ཀྱི་བཀའི་མཇུག་ཁོ་ནར་སྐྲ་བྱི་བ་དང་སྣམ་སྦྱར་གྱོན་པར་གྱུར་ཏེ། སྐྲ་དང་ཁ་སྤུ་ཞག་བདུན་སྐྱེས་པ་ཙམ་དང༌། ལག་པ་ན་ལྷུང་བཟེད་དང༌། བྱ་མ་བུམ༌ཐོགས་པ་དང༌། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །ཞེས་གསུངས་སོ། །ཤཱ་རིའི་བུ་དང་མོའུ་དགལ་གྱི་བུ་གཉིས་ཀྱིས་ཐོག་མར། མུ་སྟེགས་སྟོན་པ་དྲུག་པོ་རེ་རེ་དང་མཇལ་སྟེ། ཁོང་ཅག་ལ། ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན་ཞེས་དྲིས་པ་ན། ཁོང་ཅག་གི་ལྟ་བ་ནི་ལས་འབྲས་མེད་པར་ལྟ་བ་ལ་སོགས་པའི་རྒྱང་འཕེན་གྱི་ལྟ་བ་ཡིན་པར་གཟིགས་ནས། བློ་ངན་ལོག་པར་སྟོན་བྱེད་པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་ནི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་སྨྲས་ནས་སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་སོང་ངོ་། །མཆོག་ཟུང་གི་ལོ་རྒྱུས་འདུལ་བ་ལུང་གཞི་གླེགས་པ་༼ ཀ་པའི ༽༡༤ན༥ན་བཞུགས་ཤིང་། དེ་དུས་ཁོང་གི་མིང་ལ་ཉེ་རྒྱལ་ཞེས་ཟེར་རོ། །དེ་བཞིན་དུ་འཕགས་པ་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། མདོ་སྡེ་༼ ན ༽༡༨༧བ༢ནའང་བཞུགས་སོ། །