11268

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤཱཀྱ་མེ་པ་རལ་པ་ཅན
Tibetan Definition (འདུལ་བ) ཤཱཀྱའི་རིགས་ཀྱི་མུ་སྟེགས་པ་དང་། མེ་ལ་ལྷར་འཛིན་པའི་མུ་སྟེགས་ཅན་གཉིས་ལ་ཟེར། འདི་གཉིས་བཅོམ་ལྡན་འདས་ཀྱིས་རབ་ཏུ་དབྱུང་བར་གནང་བ་ཡིན། སྤྱིར་བཅོམ་ལྡན་འདས་ཀྱིས་མུ་སྟེགས་ཅན་རབ་ཏུ་དབྱུང་བར་མ་གནང་ཡང་། དམིགས་བསལ་ལ་ཤཱཀྱའི་རིགས་ཀྱི་མུ་སྟེགས་ཅན་ནི་བཅོམ་ལྡན་འདས་ཀྱི་ཉེ་དུ་ཡིན་པ་དང་དགྲ་ལ་ཕྱིར་མི་ནུར་བར་དཔའ་བ་དང་ཆང་མི་འཐུང་བ་དང་དམ་པའི་ཆོས་ནམ་དུ་ཡང་མི་གཏོང་བ་དང་བརྫུན་དང་གཡོ་མེད་པའི་ཕྱིར་དང་། མེ་པ་རལ་པ་ཅན་ནི་ལས་འབྲས་ཁས་ལེན་པའི་ཕྱིར་གནང་ངོ་། །མདོ་རྩ་བ་ལས། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་བྱའོ། །ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཞེས་གསུངས་སོ། །སློབ་དཔོན་ཡོན་ཏན་འོད་ཀྱི་འགྲེལ་ཆུང་༡༢ན༥ལས་ཀྱང་། ཤཱཀྱ་དང་ཞེས་པ་ནི་ཤཱཀྱའི་རིགས་སུ་ཆུད་པ་ནི་དགྲ་ལ་ཕྱིར་མི་ནུར་བར་དཔའ་བ་དང་ཆང་མི་འཐུང་བ་དང་དམ་པའི་ཆོས་ནམ་དུ་ཡང་མི་གཏོང་བས་ཆུད་དེ་བརྫུན་དང་གཡོ་མེད་པས་ན་མ་རངས་ཀྱང་རུང་ངོ་། །མེ་ལྷ་པ་རལ་པ་ཅན་ཞེས་པ་ནི་མེ་ལྷ་པ་ཅན་ནི་མེ་ལྷའང་རྗེད་ལ། རལ་པ་ཡང་ཡོད་པ་ལ་བྱ་སྟེ། ཁོ་བདག་གི་ལྟ་བ་མྱ་ངན་ལས་འདས་པར་འདོད་ལ་ལེགས་ཉེས་ཀྱི་རྒྱུ་རྐྱེན་ཡོད་པར་ལྟ་བས་མ་རངས་ཀྱང་རུང་ངོ་། །ཞེས་གསུངས་སོ། །