11306

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིང་རྟའི་སྲོལ་འབྱེད
Tibetan Definition སྔར་སྲོལ་ཉམས་པ་སོར་ཆུད་དེ་རྒྱ་ཆེར་སྤེལ་མཁན་ཞིག་ལ་ཟེར། མང་པོས། (Pioneer) ཞེས་བསྒྱུར་རུང་དེ་ནི་སྔར་མེད་གསར་དུ་སྲོལ་གཏོད་མཁན་ཙམ་ཞིག་ལ་ཟེར་ཞིང༌། ཤིང་རྟའི་སྲོལ་འབྱེད་ནི། སྔར་སྲོལ་བར་སྐབས་སུ་ཉམས་ཏེ་ཉག་ཕྲར་གྱུར་པ་སླར་ཡང་ངལ་བ་ཆེན་པོས་སོར་ཆུད་དེ་སྤེལ་མཁན་ཞིག་ལ་ཟེར་བས་ཁྱད་པར་ཆེའོ། །སྒྲ་བཤད་ནི། སྔར་གྱི་རྒྱ་ལམ་ལྟ་བུའི་སྲོལ་དེ་ཉིད་བར་སྐབས་སུ་ཕལ་ཆེར་ནུབ་སྟེ་རྐང་ལམ་ལྟ་བུར་གྱུར་པ་ལ། སླར་ཡང་སོར་ཆུད་དེ་ཤིང་རྟ་འགྲོ་བསྐྱོད་བྱེད་ཆོག་པའི་ལམ་ཆེན་དུ་འགྱུར་བར་བྱེད་པ་པོ་ལྟ་བུ་ཞིག་ལ་ཟེར་རོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། ལམ་ཆེན་པོ་ཞེས་བྱ་བ་ནི་ཤིང་རྟའི་ལམ་མོ། །ཞེས་གསུངས་པའང་དེ་དང་མཐུན་ནོ། །འདི་ཡང་བདག་གི་བླ་མ་དམ་པ་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་གྱི་ཞལ་སྔ་ནས་ཀྱིས་དཔེ་ཁྲིད་སྐབས་ཡང་ཡང་གསུང་བ་གོ་རྒྱུ་ཆེའོ། །ཡང་ན་ཤིང་རྟ་སོང་བའི་འཕང་ལོས་བཏོད་པའི་ལམ་ལ་ཤིང་རྟའི་སྲོལ་འབྱེད་ཅེས་བརྗོད་ཀྱང་རུང་བར་སེམས་ཏེ། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལས། ལམ་སྲོལ་ཞེས་བྱ་བ་ནི་ཤིང་རྟ་འགྲོ་བའི་འཕང་ལོས་དྲངས་པའི་རྗེས་སོ། །ཞེས་གསུངས་པ་ལྟར་རོ། །ཤིང་རྟའི་སྲོལ་འབྱེད་ཀྱི་དོན་ལ་གོ་བ་ལེགས་པར་ཆགས་ན། ཤིང་རྟ་ཆེན་པོ་ཞེས་པའི་ཚིག་ཐོས་པ་ཙམ་གྱིས་བཀའ་དྲིན་རྗེས་སུ་དྲན་པའི་དད་གུས་ཀྱི་སྤུ་ལོང་དབང་མེད་དུ་གཡོ་བ་ཞིག་འོང་ངོ༌། །རྗེ་བཙུན་ཙོང་ཁ་པ་ཆེན་པོས། རེས་འགའ་རྒྱལ་ལ་དད་པའི་དགའ་བ་རྒྱས། །སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན། །གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང༌། །ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང༌། །བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། །འདི་དག་ཕན་ཚུན་འགྲན་ཞིང་འཕེལ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེས་ན་སྲོལ་གཏོད་པ་པོ་དང༌། ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ཁྱད་པར་མ་འདྲེས་པར་ཤེས་པར་བྱའོ། །སྲོལ་གཏོད་ཅེས་པའི་ཐད་དུ་གཟིགས།