11308

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིང་ཤ་པ
Tibetan Definition <ཤིམ་ཤ་པ> དྲི་ཉལ་ཏེ་ཨ་ཀ་རུའི་མིང་གི་རྣམ་གྲངས་སོ། །ཤིང་ཤ་པ་ནི་ལེགས་སྦྱར་ཟུར་ཆག་པ་སྟེ། ཤིཾ་ཤ་པ་ཞེས་པའི་ཤིཾ་གྱི་ཀླད་ཀོར་ང་ཡིག་ཏུ་ཀློག་པས། བོད་སྐད་ཀྱི་ཤིང་དུ་འཁྲུལ་ནས་ཤ་པའི་ཤིང་ཞེས་འབོད་པ་ཡིན་ཏེ། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་ལས། ཨ་ག་རུའི་མིང་གི་རྣམ་གྲངས་ཤིམ་ཤ་པ་ཞེས་པའི་ཤིམ་གྱི་ཀླད་ཀོར་ང་ཡིག་ཏུ་ཀློག་པ། བོད་སྐད་ཀྱི་ཤིང་དུ་འཁྲུལ་ནས་ཤ་པའི་ཤིང་ཟེར་བ་དང་། ཞེས་གསུངས་སོ། །དོགས་གཅོད། ཨ་ཀ་རུ་ལ་དྲི་ཉལ་ཞེས་གཞུང་འགའ་ཞིག་ཏུ་སྣང་བ་དྲི་བཟང་ཞིང་ཉལ་སྟབས་སུ་སྐྱེ་བའི་རྒྱུ་མཚན་གྱིས་ཡིན་པར་བསམ་ན་ནི་ནོར་རོ། །ཙན་དན་དང་ཨ་ཀ་རུའི་ཁྲོད་དུ་འཚར་ལོངས་བྱས་ཀྱང་ཉལ་སྟབས་སུ་སྐྱེ་བའི་ཨ་ཀ་རུ་ནི་གཅིག་ཀྱང་མ་མཐོང་ངོ་། །ཅི་སྟེ་རེ་གཉིས་ཡོད་སྲིད་ཀྱང་གྲགས་མི་ཆེ་བས་མིང་གདགས་སུ་མི་རུང་ངོ་། །ཨ་ཀ་རུ་ནི་ཤིང་སྡོང་ཧ་ཅང་འདྲོངས་ལ། ལོ་མ་ཁ་ཞེང་ཆེ་ཞིང་རེག་བྱ་རྩུབ་ལ་བརྡར་ན་ཁྲག་འདྲ་བའི་རྩི་དམར་པོ་འབྱུང་བ་ཞིག་གོ། ཤིང་འདི་རྙིངས་ན་དྲི་ཞིམ་ལ་ཆུ་དང་རླན་གཤེར་སོགས་ཀྱིས་འཁྱོག་ཏུ་མི་འགྲོ་བའི་རིན་ཐང་ཅན་གྱི་ཤིང་ཞིག་ཡིན། འདིའི་སྤང་ལེབ་ལ་རང་འབྱུང་གི་ཁོག་རིས་འཁྱོག་པོ་སྣ་ཚོགས་ཡོད་པས་ཆ་སྒམ་མཆོད་གཤོམ་སོགས་བཟོས་ན་ཧ་ཅང་མཛེས་སྡུག་ཆེ། དེས་ན་དྲི་ཉལ་གྱི་སྒྲ་བཤད་ལ་ད་དུང་དཔྱད་དགོས་པ་འདུག་གོ། རྣམ་འགྲེལ་དུ་ཤིང་ཤ་པ་ཞེས་པ་གྲྭ་སའི་བླ་རྒན་ཚོའི་ཞལ་རྒྱུན་ལ་ཉལ་སྟབས་སུ་སྐྱེ་བའི་ཤིང་ཞིག་ལ་རླུང་ལྟར་གྲགས་པ་ནི་ནོར་རོ། །ཤིང་ཤ་པ་ནི་གོང་དུ་བཤད་པ་ལྟར་ཨ་ཀ་རུའི་མིང་གི་རྣམ་གྲངས་ཡིན་ལ། དེ་ནི་སྟོན་དུས་སུ་ལོ་མ་རྣམས་བྲུལ་ནས་མདོག་སྐྱ་བོར་སོང་ནས་ཐག་རིང་པོ་ནས་བལྟས་ན་མཐོང་དཀའ་ཙམ་ཡོད་པས། དེའི་ཆ་ནས་ཤིང་མེད་ཀྱི་བྲག་རྫོང་ (སྐྱ་བོ) ན་ཤ་པ་མེད་པར་སྒྲུབ་པ་ལ་ཤིང་མ་དམིགས་པ་རྟགས་སུ་བཀོད་པ་ཡིན་ནོ། །ཨ་ཀ་རུ་ཞེས་པའི་ཐད་དུ་གཟིགས། ངེད་རང་ལོ་ན་ཆུང་སྐབས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་དང་སྦེལ་ཀོབ་བོད་མིའི་གཞིས་སྒར་དང་དགོན་པའི་ཉེ་འདབས་རྣམས་སུ་ཤིང་ཤ་པ་དང་ཙན་དན་སོགས་ཧ་ཅང་མང་ཡང་། ཕྱིས་སུ་གཅོད་འབྲེག་གིས་གནོད་འཚེ་ཚབས་ཆེ་ཕོག་སྟེ་ཆེས་ཉུང་དུ་སོང་བ་འདི་ཡང་སེམས་རེ་སྐྱོ། ང་ཚོས་ཁོར་ཡུག་སྲུང་སྐྱོབ་ལ་ངེས་པར་ཐུགས་སྣང་གནང་དགོས་སོ། །