11385

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་བཞིན
Tibetan Definition 1 ཞི་གནས་ཀྱི་སྐབས་ཡིན་ན། དྲན་པ་བསྟེན་པའི་ངང་ནས་བྱིང་རྒོད་འབྱུང་མི་འབྱུང་ལ་བྱ་ར་ཐུ་རེ་བྱས་ནས་སེམས་འཛིན་པའི་ཤེས་རབ་ལ་ཟེར། ཤེས་བཞིན་ནི་གླང་པོ་ཆེ་མ་ཐུལ་བ་འདུལ་བྱེད་ཀྱི་ལྕགས་ཀྱུ་དང་ཆོས་མཚུངས་པ་ཡིན། རྗེའི་ལམ་རིམ་ཆེན་མོ་ལས། ཤེས་བཞིན་ནི། དེ་ལྟར་དྲན་པ་བསྟེན་པའི་ཚེ་ཉོན་མོངས་པ་གང་རུང་བྱུང་ན་དེ་ཤེས་ནས་དང་དུ་མི་ལེན་ཅིང་སྤོང་བར་བྱེད་པའོ། །ཞེས་གསུངས་སོ། །དབུ་མ་སྙིང་པོ་ལས་ཀྱང་། ཡིད་ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཤེས་རབ་ (སྟེ་ཤེས་བཞིན་གྱི) ལྕགས་ཀྱུས་རིམ་དབང་བྱ། །ཞེས་པའི་སྐབས་འདིའི་ཤེས་རབ་ཤེས་བཞིན་ལ་འཇུག་པར་ལམ་རིམ་ཆེན་མོར་གསུངས་པ་ལྟར་རོ། །སྒྲ་བཤད་ནི། བྱིང་རྒོད་འབྱུང་མི་འབྱུང་ཇི་ལྟ་བ་བཞིན་ཤེས་པས་ན་ཤེས་བཞིན་ཞེས་བྱའོ། །འདིའི་སྒྲ་བཤད་པ་ན་ཚིག་སྔ་ཕྱི་གོ་ལྡོག་སྟེ་བཤད་ན་མ་གཏོགས་ཐད་ཀར་བཤད་དུ་མེད། དཔེར་ན་བསྙེན་རྫོགས་ཀྱི་སྒྲ་བཤད་པ་ན། རྫོགས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། བསྙེན་པ་ནི་དེ་ལ་ཉེ་བའི་དོན་ནོ། །ཞེས་པ་ལྟར་ཚིག་སྔ་ཕྱི་བསྒྱུར་ཏེ་སྒྲ་བཤད་དགོས་པ་ཡིན་ནོ། །