11398

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ
Tibetan Definition <པྲཛྙཱ> 1 ཆོས་རབ་ཏུ་རྣམ་འབྱེད་ཀྱི་སེམས་བྱུང་ཞིག་ལ་ཟེར། རྗེའི་ལམ་རིམ་ལྟར་ན། བརྟགས་པའི་དངོས་པོ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དེ། ཤེས་རབ་ཀྱི་ངོ་བོ། དབྱེ་བ་ནི་གསུམ་སྟེ། དོན་དམ་རྟོགས་པའི་ཤེས་རབ། ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་བྱ་བ་རྟོགས་པའི་ཤེས་རབ་དང་གསུམ་མོ། །སྒྲ་བཤད་ནི། མང་པོས་ཤེས་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཡིན་པས་ཤེས་རབ་ཅེས་སྒྲ་བཤད་པ་ལ་དོན་ལ་མི་འཐད་པ་མེད་མོད། འོན་ཀྱང་ལེགས་སྦྱར་གྱི་ཤེས་རབ་ཀྱི་སྐད་དོད་པྲཛྙཱ་ཞེས་པའི་པྲ་ཞེས་པ་དོན་མང་ལ་འཇུག་ཀྱང་འདིར་རབ་དང་། ཛྙཱ་ནི་ཤེས་པ་སྟེ་རབ་ཏུའམ་ལེགས་པར་ཤེས་པས་ན་ཤེས་རབ་བོ། །འདིར་སྒྲ་བཤད་པ་ན་ཚིག་སྔ་ཕྱི་གོ་ལྡོག་སྟེ་བཤད་དགོས་ཏེ། རབ་ནི་ལེགས་པར་རམ་ཡང་དག་པའམ། ཇི་ལྟ་བ་བཞིན་ཞེས་པའི་དོན་ཡིན་ལ། ཤེས་ཞེས་པ་ནི་དེ་ལྟར་དུ་ཤེས་སོ་ཞེས་པའོ། །ཚིག་སྔ་ཕྱི་བསྒྱུར་ཏེ་སྒྲ་བཤད་དགོས་པ་མང་དུ་ཡོད་དེ། བསྙེན་རྫོགས། ཤེས་བཞིན། ལོངས་སྤྱོད་རྫོགས་སོགས་མང་ངོ༌། །སློབ་དཔོན་མི་ཕམ་བཤེས་གཉེན་གྱི་རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༼ གེ ༽༡༢༩ བ༥ལས། དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་ཤེས་པས་ན་ཤེས་རབ་སྟེ་བློ་ཁྱད་པར་རོ། །ཞེས་གསུངས་པའང་ཁོ་བོས་གོང་དུ་བཤད་པ་དང་མཐུན་ནོ། །2 ཤེས་བཞིན། དབུ་མ་སྙིང་པོ་ལས། ཡིད་ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། །ཞེས་པའི་སྐབས་འདིའི་ཤེས་རབ་ཤེས་བཞིན་ལ་འཇུག་པར་ལམ་རིམ་ཆེན་མོར་གསུངས་པ་ལྟར་རོ། །