11404

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་དང་ཡེ་ཤེས་ཀྱི་ཁྱད་པར
Tibetan Definition ཡེ་ཤེས་ཀྱི་སྐད་དོད་ “ཛྙཱ་ན” ཞེས་པ་དང་། ཤེས་རབ་ཀྱི་སྐད་དོད་ “པྲཛྙཱ” ཞེས་པ་ཡིན་པས། སྤྱིར་དེ་གཉིས་ཤིན་ཏུ་འདྲ་ཡང་། ཁྱད་པར་རགས་པ་ཙམ་ནི། ཡུལ་ལ་ཧ་ཅང་ཞིབ་མོའི་རྣམ་པས་འཇུག་པ་ལ་ཤེས་རབ་དང་། དེ་ལས་ཅུང་ཟད་རགས་པར་འཇུག་པ་ལ་ཡེ་ཤེས་ཟེར་བ་འདྲ། དེ་ནི་སྤྱིར་བཏང་གི་བཤད་པ་ཡིན་གྱི་ཁྱབ་པ་ནི་མེད་དེ། ཡེ་ཤེས་དང་ཤེས་རབ་གཉིས་ལ། ཡེ་ཤེས་ཡིན་ལ་ཤེས་རབ་མིན་པའི་མུ། གཉིས་ཀ་ཡིན་པའི་མུ། གཉིས་ཀ་མིན་པའི་མུ་སྟེ་གསུམ་ཡོད་པའི་ཕྱིར་རོ། །འོན་ཀྱང་མཁས་པ་མང་པོས། ཡེ་ཤེས་དང་མཁྱེན་པ་༼ ས་ལམ་གྱི་མཁྱེན་པ ༽གཉིས་དོན་གཅིག་ལྟ་བུར་བཤད་ཡོད། འོན་ཀྱང་ཤེས་རབ་དང་ཡེ་ཤེས་ཀྱི་ཁྱད་པར་ལ་རྗེ་གུང་ཐང་པས་འདི་ལྟར་གསུངས་ཏེ། ཤེས་རབ་ནི་ཇི་ལྟ་བ་རྟོགས་ཚུལ་དང༌། ཡེ་ཤེས་ནི་ཇི་སྙེད་པ་རྟོགས་ཚུལ་གྱི་སྟེང་ནས་འཇོག་པར། རྗེའི་དགོངས་པ་རབ་གསལ་དང་བྱང་ས་སོགས་ན་གསལ་བར་གསུངས། ཞེས་རྗེ་གུང་ཐང་པའི་གསུང་ཟིན་བྲིས་མདོ་རྒྱན་སྦྱར་བའི་བཤད་པ་ན་གསལ་ཡང་། དེ་ལ་དཔྱད་དགོས་ཏེ། ཡེ་ཤེས་ནི་ཕལ་ཆེར་ཤེས་རབ་འདྲ་བར་གཞུང་མང་པོར་གསུངས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས། གཉིས་སུ་མེད་པའི་ཡེ་ཤེས་སོགས་མཐའ་ཡས་ཏེ། རྗེའི་དགོངས་པ་རབ་གསལ་ལས། བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་ཡེ་ཤེས་གཉིས་ཀྱི་རྩ་བ་ཡང་སྙིང་རྗེ་ཡིན་པས་ན། ཞེས་དང་། ཡང་དེ་ཉིད་ལས། རིན་ཆེན་འཕྲེང་བ་ལས། ཐེག་པ་ཆེན་པོ་གང་ཞིག་ལས། །སྙིང་རྗེ་སྔོན་བཏང་སྤྱོད་ཀུན་དང། །ཡེ་ཤེས་དྲི་མ་མེད་བཤད་པ། །སེམས་ཡོད་སུ་ཞིག་དེ་ལ་སྨོད། ཅེས་སྙིང་རྗེ་སྔོན་དུ་བཏང་གིས་དྲངས་པའི་སྤྱོད་པ་སྤྱི་དང། ཁྱད་པར་དུ་མཐའ་གཉིས་ཀྱི་དམིགས་གཏད་ཀྱི་དྲི་མ་མེད་པའི་ཡེ་ཤེས་ཀྱི་སྤྱོད་པ་གསུམ་གྱིས་ཐེག་ཆེན་གྱི་དོན་ཀུན་བསྡུས་པར་གསུངས་སོ། །ཞེས་སོགས་མཐའ་ཡས་སོ། །རྗེ་གུང་ཐང་པས་ཁུངས་སུ་དྲང་རྒྱུའི་རྗེའི་དགོངས་པ་རབ་གསལ་གྱི་ལུང་ནི་འདི་ཡིན་ཏེ། རྗེ་དགོངས་རབ་གསལ་ལས། ཡེ་ཤེས་ཀྱི་ངོས་འཛིན་དང་དེ་དང་ཤེས་རབ་ཀྱི་ཕར་ཕྱིན་གྱི་ཁྱད་པར་ནི། །བྱང་ས་ལས། ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་བཞག་པའི་ཤེས་པ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་དོན་དམ་པ་འཛིན་པ་ལ་ཞུགས་པའི་ཤེས་རབ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀུན་རྫོབ་འཛིན་པ་ལ་ཞུགས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་གཉིས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ། །ཞེས་གསུངས་པ་འདིའོ། །དེས་ན་རྗེའི་དགོངས་པ་རབ་གསལ་དང་བྱང་ས་ལས་གསུངས་པ་ནི། ཕར་ཕྱིན་བཅུའི་ནང་གི་ཤེས་རབ་ཀྱི་ཕར་ཕྱིན་དང་། ཡེ་ཤེས་ཀྱི་ཕར་ཕྱིན་གཉིས་ཀྱི་ཁྱད་པར་ཡིན་གྱི། སྤྱིར་བཏང་གི་ཤེས་རབ་དང་ཡེ་ཤེས་ཀྱི་ཁྱད་པར་ནི་མིན་ནོ། །