1142

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་མེད་རྩ་བྲལ
Tibetan Definition (ཕྱག་ཆེན) 1 སྤྱིར་བཏང་གཞི་མེད་རྩ་བྲལ་ཞེས་པ། ཤུལ་མེད་དུ་སོང་བའི་དོན་ཡིན། 2 རྒྱུ་དང་རྐྱེན་གང་གིས་ཀྱང་མ་བྱས་པ། བྱུང་ས་དང་གནས་ས་ཐིམ་ས་ཐམས་ཅད་དང་བྲལ་བ། རིགས་པས་དཔྱད་པ་ན་མ་རྙེད་པར་རང་ཡལ་དུ་སོང་བ། 3 རིགས་པས་དཔྱད་བཟོད་མིན་པ། གང་དུའང་ངོས་བཟུང་དང་བྲལ་བ། 2 སེམས་ཀྱི་གནས་ལུགས། སྒྲ་བཤད་ནི། དོན་གྱི་གཞིའམ་རྩ་བ་སེམས་སེམས་ལྟ་བུ་རྒྱུ་རྐྱེན་གང་ལས་བྱུང༌། ངོ་བོ་དང་དབྱིབས་སོགས་ཇི་ལྟ་བུར་འདུག་སྙམ་དུ་བརྟགས་པ་ན་གང་དུའང་ངོས་བཟུང་དང་བྲལ་བས་ན་དེ་སྐད་ཅེས་བྱའོ། །འདི་བཀའ་བརྒྱུད་པའི་ཕྱག་ཆེན་གྱི་བརྡ་ཆད་ཅིག་ཡིན་རུང་། རྒྱུད་ཀྱི་གཞུང་རྣམས་སུའང་འབྱུང་བའི་ཕྱིར་ཏེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། རྡོ་རྗེ་ཐེག་པ་ལས་གསུངས་ཚུལ་ཡང་དེ་ཉིད་ལས། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡོངས་སུ་དྲིས་པའི་སེམས་གང་ཡིན་པ་དེའི་ངོ་བོ་ཉིད་ནི། རྩ་བ་མེད་པ། གནས་མེད་པ། གཞི་མེད་པ། མཚན་མ་མེད་པ་དང༌། དབྱིབས་དང་ཁ་དོག་མེད་པ། དབང་པོ་ལས་འདས་པ། རྟོག་གེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའོ། །ཞེས་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་བསྟན་པའི་ཚིག་ལས་གསུངས་པའོ། །ཞེས་གསུངས་ཏེ། ཞེས་གསུངས་སོ། །ཡང་ན། བདེ་སྡུག་གི་ཉམས་མྱོང་ཐམས་ཅད་ནི་དཔེར་ན་རྨི་ལམ་ན་བདེ་སྡུག་ཉམས་སུ་མྱོང་བ་བཞིན་ཏེ་དེ་གཞི་མ་གྲུབ་པ་ཡིན། དྲན་རྟོག་མཐའ་དག་ནི་དཔེར་ན་ནམ་མཁའི་སྤྲིན་བཞིན་བྱུང་ས་དང་གནས་ས་དང་ཐིམ་ས་དང་བྲལ་བས་རྩ་བྲལ་ཡིན། ཞེས་ཀརྨ་པ་དབང་ཕྱུག་རྡོ་རྗེ་གསུང་ངོ༌། །གཞན་ཡང༌། ཀརྨ་པ་དབང་ཕྱུག་རྡོ་རྗེའི་འཇུག་ཊཱིཀ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། འོ་ན་མཻ་ཏྲི་པ་ནས་བརྒྱུད་པའི་ཕྱག་ཆེན་གྱི་མིང་ཅན་དབུ་མའི་བཀའ་དང༌། ཇོ་བོ་ནས་བརྒྱུད་པའི་དབུ་མའི་བཀའ་འདི་གཉིས་ཆོས་ཚུལ་གཅིག་གམ་ཐ་དད་ཅེ་ན། དོན་ལ་མི་གཅིག་པ་མེད་ཀྱང་འདིར་ནི་རྟོག་དཔྱོད་ཀྱི་སྒོ་ནས་གཏན་ལ་ཕབ་སྟེ་མེད་དགག་གི་ཆ་ལ་གསལ་སྣང་ཅུང་ཟད་ཐོབ་པའི་ཤེས་རབ་ཀྱིས་མཉམ་པར་འཇོག་ལ། དེར་ནི་བུད་ཤིང་ཟད་པ་ན་མེ་ཞི་བ་ལྟར་རྟོག་དཔྱོད་ཀྱི་ཤེས་རབ་ཉིད་ཀྱང་གཞི་མེད་རྩ་བྲལ་གྱི་སྒོ་ནས་གཏན་ལ་ཕབ་སྟེ། དགག་སྒྲུབ་གང་གིའང་དོན་ཅན་མ་ཡིན་པ་ཞིག་ལ་མཉམ་པར་འཇོག་པ་ནི་ཁྱད་པར་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །