11423

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་སྙིང་པོའི་ཊཱིཀྐ
Tibetan Definition ཤེས་རབ་སྙིང་པོ་ལ་རྒྱ་གར་མཁས་པའི་ཊཱིཀྐ་སྟེ་འགྲེལ་པ་མི་འདྲ་བ་བཅུ་བསྟན་འགྱུར་༼ མ ༽པའི་ནང་བཞུགས། ཤེར་སྙིང་འགྲེལ་པ་སྔགས་སུ་འགྲེལ་པ་ཟེར་བ་ཞིག བསྟན་འགྱུར་སྣ་ཚོགས་༼ ཅོ་པ ༽༢༠༥བ་༧ན་བཞུགས་སོ། །མཇུག་བྱང་དུ། ཤྲཱི་སིཾཧས་མཛད་པའི་འགྲེལ་པ་མདོ་ལས་སྔགས་སུ་བཻ་རོ་ཙ་ནའི་དོན་དུ་བཀོལ་བའི་ཚིག་ཉུང་ལ་དོན་ཆེ་བ་གསལ་བའི་སྒྲོན་མ་རྫོགས་སོ། །སློབ་དཔོན་བཻ་རོ་ཙ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་མཚན་མའི་ཆོས་སྤྱོད་ལ་དྲེགས་པ་སྐྱེས་པའི་དུས་སུ་བུ་དང་བཅས་པ་ལ་འགྲེལ་པ་འདི་གནང་བའོ། །ཞེས་འབྱུང་ངོ་། །བོད་འགྲེལ་མང་དུ་ཡོད་ཀྱང་གྲགས་ཆེ་བ་འགའ་ཞིག་བརྗོད་ན། ཤེས་རབ་སྙིང་པོའི་རྣམ་པར་བཤད་པ་དགེ་སློང་ལེགས་པའི་ཤེས་རབ་ཀྱིས་སློབ་དཔོན་མར་མེ་མཛད་དཔལ་ཡེ་ཤེས་ལ་གསོལ་བཏབ་ནས་ལེགས་པར་བཤད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། གོང་གི་དེ་དགེ་སློང་ལེགས་པའི་ཤེས་རབ་ (འདིའི་ལེགས་པའི་ཤེས་རབ་ཅེས་པ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་བྱུང་བའི་བོད་ཀྱི་ལོ་ཙཱ་བ་ལེགས་པའི་ཤེས་རབ་ཅེས་པ་དེ་ཡིན་པར་སེམས་སོ) ཀྱིས་མཛད་པར་སྣང་ངོ་། །འོན་ཀྱང་བསྟན་འགྱུར་གྱི་གྲས་སུ་བཞག་འདུག་པར་ཡང་དཔྱད་པར་འོས་སོ། །གོང་གི་བསྟན་འགྱུར་༼ མུ་པའི ༽༣༡༣ན༤ན་བཞུགས་སོ། །ས་སྐྱའི་ཀུན་མཁྱེན་རོང་ཊཱིཀ་པའི་ཤེར་སྙིང་ཊཱིཀྐ། སངས་རྒྱས་ཡེ་ཤེས་ཀྱི་ཤེར་སྙིང་ཊཱིཀྐ། ཀུན་མཁྱེན་པདྨ་དཀར་པོའི་ཤེར་སྙིང་ཊཱིཀྐ། འཇམ་དབྱངས་དགའ་བློའི་ཤེར་སྙིང་ཊཱིཀྐ། གུང་རུ་རྒྱལ་མཚན་བཟང་པོའི་ཤེར་སྙིང་ཊཱིཀྐ། སྐྱིད་ཤོད་ཞབས་དྲུང་བསྟན་འཛིན་བློ་བཟང་རྒྱ་མཚོའི་ཤེར་སྙིང་མཆན་འགྲེལ། ཇོ་ནང་ཏཱ་ར་ནཱ་ཐའི་ཤེས་སྙིང་གི་འགྲེལ་པ་ཁག་གཉིས། ཅོ་ནེ་བླ་མ་གྲགས་པ་བཤད་སྒྲུབ་ཀྱི་ཤེར་སྙིང་ཊཱིཀྐ། བསྟན་དར་ལྷ་རམས་པའི་ཤེར་སྙིང་ཊཱིཀྐ། ངེད་སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ་ཀྱི་ཤེར་སྙིང་ཊཱིཀྐ་སོགས་མང་དག་ཅིག་སྣང་ངོ༌། །