11490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་འཚོ་མ
Tibetan Definition (འདུལ་བ) <གོ་པཱ> 1 བཙུན་མོ་སྤྱིའི་མིང༌། སྒྲ་བཤད་ནི། ས་འཚོ་མ་ཞེས་པ་ནི་ས་སྐྱོང་མ་ཞེས་པའི་དོན་ཡིན་ལ། དེ་ནི་རྒྱལ་མོའི་མིང་ངོ་། །འཚོ་ཞེས་པ་ནི་གསོ་བའམ་སྐྱོང་བའི་དོན་ཏེ། དཔེར་ན་བ་ཕྱུགས་འཚོ་ཞེས་པ་ལྟ་བུའོ། ། 2 རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་བཙུན་མོའི་གཙོ་མོ་གསུམ་གྱི་ནང་ནས་གཉིས་པ་སྦེད་མའི་མིང་ཡང་ཡིན། དེ་ནི་སྤྱི་མིང་བྱེ་བྲག་ལ་ཐོགས་པ་ཡིན་ནོ། །བོད་སྐད་དུལེགས་སྦྱར་དུ་ས་འཚོ་མ་ལ་ “གོ་པཱ” गोपा ཟེར། རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་བཙུན་མོའི་གཙོ་མོ་གསུམ་གྱི་ཡ་གྱལ་ས་འཚོ་མ་ལ་སྦེད་མ་ཟེར། དོགས་གཅོད། འཇུ་མི་ཕམ་རིན་པོ་ཆེའི་སྐད་གཉིས་ཤན་སྦྱར་༡༠༨བ་༤ལས། ས་འཚོ་མ་ཞེས་པ་གྲགས་འཛིན་མ་ལ་གོ་བ་ཤས་ཆེ། ཞེས་དང་། ཡང་དེ་ཉིད་ལས། ས་འཚོ་མ་ཞེས་པ་གྲགས་འཛིན་མ་ལ་མི་གོ་བར། སྦེད་མ་ལ་གོ་མཁན་མང་དུ་འདུག་པས་ཐེ་ཚོམ་གཅོད་པའི་ཕྱིར་ཡིན་ནོ། །ཞེས་གསུངས། འོན་ཀྱང་ས་འཚོ་མ་ནི་གྲགས་འཛིན་མ་ལ་མི་གོ་བར་སྦེད་མ་ལ་གོ་དགོས་ཏེ། འདུལ་བ་ལུང་གཞི་པོད་༼ ང་པ ༽༩ན་༡ལས། བདག་ལ་གཞན་དག་གཞོན་ནུ་ཤཱཀྱ་ཐུབ་པ་ན་སྐྱེས་པ་མ་ཡིན་ཏེ། གང་གི་ཕྱིར་གྲགས་འཛིན་མ་དང་། ས་འཚོ་མ་དང་། རི་དྭགས་སྐྱེས་དང་། བུད་མེད་དྲུག་ཁྲི་སྤངས་ནས་རབ་ཏུ་བྱུང་ངོ་ཞེས་གཞི་དེས་ཁ་ཟེར་བར་འགྱུར་དུ་འོང་གི། ཞེས་གྲགས་འཛིན་མ་དང་། ས་འཚོ་མ་གཉིས་ཐ་དད་དུ་གསུངས་པའི་ཕྱིར། ས་འཚོ་མ་ཞེས་པ་གྲགས་འཛིན་མ་ལ་གོར་མི་རུང་ངོ་། །དེ་བཞིན་དུ་འདུལ་བ་ལུང་གཞི་པོད་༼ ག་པ ༽ནང་དེ་གཉིས་ཐ་དད་ཡིན་པའི་ཚུལ་རྒྱས་པར་གསུངས་ཡོད་དོ། །དེས་ན་ས་འཚོ་མ་ནི་སྦེད་མ་ལ་གོ་བར་བྱའོ། །