11528

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་དཀོན་མཆོག
Tibetan Definition འདུས་མ་བྱས་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའི་མཐར་ཐུག་གི་སྐྱབས་གནས་དེ། སངས་རྒྱས་དཀོན་མཆོག་གི་མཚན་ཉིད། དབྱེ་ན། ཀུན་རྫོབ་པའི་སངས་རྒྱས་དཀོན་མཆོག་དང་། དོན་དམ་པའི་སངས་རྒྱས་དཀོན་མཆོག་གཉིས་ལས། དང་པོ་ནི། གཟུགས་སྐུ་གཉིས་ལྟ་བུ། གཉིས་པ་ནི། ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་ལྟ་བུ་ཡིན་ཏེ། རྒྱུད་བླ་མ་ལས། བདག་ཉིད་ཀྱི་ནི་སྦྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་གསུངས་པའི་ཕྱིར། སངས་རྒྱས་དཀོན་མཆོག་ཆོས་ཅན། ཡོན་ཏན་བརྒྱད་དང་ལྡན་ཏེ། སྐྱེ་འཇིག་དང་བྲལ་བ་འདུས་མ་བྱས་པའི་ཡོན་ཏན། འབད་རྩོལ་ཉེ་བར་ཞི་བ་ལྷུན་གྱིས་གྲུབ་པའི་ཡོན་ཏན། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་ལྟར་རྗོད་བྱེད་ཀྱི་སྒྲ་དང་རྣམ་པར་རྟོག་པས་ཇི་ལྟ་བ་བཞིན་དུ་རྟོགས་མི་ནུས་པའི་ཡོན་ཏན། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡོན་ཏན། བརྩེ་བའི་ཡོན་ཏན། ནུས་པའི་ཡོན་ཏན། རང་དོན་གྱི་ཡོན་ཏན། གཞན་དོན་གྱི་ཡོན་ཏན་རྣམས་དང་ལྡན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པའི་ཕྱིར། དེ་ཡང་བསྡུ་ན་གཉིས་སུ་འདུས་ཏེ། དང་པོ་གསུམ་རང་དོན་གྱི་ཡོན་ཏན་དང་། ཕྱི་མ་གསུམ་གཞན་དོན་གྱི་ཡོན་ཏན་ཡིན་ཏེ། དེ་ཉིད་ལས། དང་པོ་གསུམ་ནི་རང་དོན་ཏེ། །ཕྱི་མ་གསུམ་ནི་གཞན་དོན་ཡིན། །ཞེས་གསུངས་པའི་ཕྱིར།