11532

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་བཅོམ་ལྡན་འདས
Tibetan Definition སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱ་ལ། བདུད་བཞི་བཅོམ་པའི་ཕྱིར་བཅོམ་ལྡན་འདས་སོ། །སངས་རྒྱས་དང་བཅོམ་ལྡན་འདས་གཉིས་ཀ་སྨོས་པ་ནི་གུས་པ་བསྐྱེད་པའི་ཆེད་དུ་ཡིན་པར་གསུངས་སོ། །འདུལ་བ་གཞིི་རྒྱ་ཆེར་འགྲེལ་པ་ལས། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནི་ལག་མཐིལ་དུ་སྐྱ་རུ་ར་བཞག་པ་བཞིན་དུ་འདས་པ་དང་། མ་འོངས་པ་དང་ད་ལྟར་འབྱུང་བའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཡིན་ལ། བདུད་བཞི་བཅོམ་པའི་ཕྱིར་བཅོམ་ལྡན་འདས་སོ། །ཚིག་གཉིས་ཀ་སྨོས་པ་ནི་ཡང་དག་པར་སྡུད་པར་བྱེད་པའི་ཚིག་སྟེ། གུས་པ་བསྐྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །འདི་ལ་བྱེ་བྲག་ཏུ་སྨྲ་བ་དག་མུ་བཞིར་བྱེད་དེ། སངས་རྒྱས་ཡིན་ལ་བཅོམ་ལྡན་མ་ཡིན་པ། བཅོམ་ལྡན་ཡིན་ལ་སངས་རྒྱས་མ་ཡིན་པ། གཉིས་ཀ་ཡིན་པ། གཉིས་ཀ་མ་ཡིན་པའི་མུ་དང་བཞིར་འདོད་དོ། །དང་པོ་སངས་རྒྱས་ཡིན་ལ་བཅོམ་ལྡན་འདས་མ་ཡིན་པ་ནི། རང་སངས་རྒྱས་དང་། ཉན་ཐོས་ཀྱི་སངས་རྒྱས་དག་གོ། (འདི་ནི་ཉན་རང་དགྲ་བཅོམ་པ་ལ་ཟེར་བ་ཡིན) བཅོམ་ལྡན་འདས་ཡིན་ལ་སངས་རྒྱས་མ་ཡིན་པ་ནི། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའོ། །གཉིས་ཀ་ཡིན་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །གཉིས་ཀ་མ་ཡིན་པ་ནི། སོ་སོའི་སྐྱེ་བོ་ཐམས་ཅད་དོ། །འདུལ་བ་བཞིའི་རྒྱ་ཆེར་འགྲེལ་ལས་གསུངས་པ་ལྟར་བཀོད།