11539

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཡེ་ཤེས་ཞབས
Tibetan Definition སློབ་དཔོན་སེང་གེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་ནི། ཨོཌྜི་ཡ་ནའི་ཡུལ་དུ་བྱོན་ནས། ལཀྵྨཱི་ཆེན་མོ་མཉེས་པར་བྱས། གཞན་ཡང་སྲུང་བའི་ཞབས་དང་འཇམ་དཔལ་བཤེས་གཉེན་སོགས་ལས་གསང་བ་འདུས་པའི་དབང་རྒྱུད་མན་ངག་དང་བཅས་པ་མནོས་ནས་བསྒོམས་པས་ཀྱང་གྲུབ་སྟེ། བི་ཀྲ་མ་ཤཱི་ལར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་མཛད་དེ་ཀྲི་ཡོག་སྡེ་གསུམ་དང༌། ནང་རྒྱུད་སྡེ་ལྔ་སྟེ། འདུས་པ། སྒྱུ་འཕྲུལ་དྲ་བ། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། འཇམ་དཔལ་ཁྲོས་པ་རྣམས་དང༌། ཁྱད་པར་གསང་བ་འདུས་པའི་རྒྱུད་གཙོ་བོར་བཤད་པས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱ་ཆེར་རྒྱས་པར་མཛད། སྒྲུབ་ཐབས་ཀུན་བཟང༌། རྫོགས་རིམ་གྲོལ་བའི་ཐིག་ལེ་སོགས་མཛད་ཅིང་འདུས་པ་ཡེ་ཤེས་ཞབས་ལུགས་ཞེས་སྲོལ་ཆེན་གཅིག་ཏུ་གྲགས། འཇམ་དཔལ་གྱི་གསུང་ལ་ཟིན་བྲིས་སུ་མཛད་པ་འཇམ་དཔལ་ལུང་སོགས་གཞུང་བཅུ་བཞི་དང་གཞན་ཡང་གཞུང་མང་པོ་མཛད། སློབ་མ་ཤིན་ཏུ་མང་ཡང་གཙོ་བོར་རྒྱལ་ཚབ་ཀྱི་ས་ལ་གནས་པ་བཅོ་བརྒྱད་དང༌། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མར་མེ་མཛད་བཟང་པོ། རབ་ཞི་བཤེས་གཉེན། སྒྲ་གཅན་འཛིན་བཟང་པོ། རྡོ་རྗེ་བདེ་བ་ཆེན་པོ་སྟེ་མཆོག་བཞི་སོགས་བྱོན་ནོ། །