11552

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སད་མི་བདུན
Tibetan Definition (འདུལ་བ) ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ (ལང་འགྲོ་སྣང་བཞེར། གཉེར་སྟག་བཙན་གདོང་གཟིག སེང་མགོ་ལྷ་ལུང་གཟིགས། མཆིམས་མེ་ལྷ་རྣམས་མངགས་ནས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནས) རྒྱ་གར་གྱི་ཐམས་ཅད་ཡོད་སྨྲའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ་མཁན་ཆེན་བོ་དྷི་སཏྭས་ (ཤཱནྟ་རཀྵི་ཏའམ་མཁན་ཆེན་ཞི་བ་འཚོས) མཁན་པོ་མཛད་དེ་བོད་ལ་རབ་བྱུང་ཡོང་མི་ཡོང་ཚོད་བལྟ་བའི་ཕྱིར་སད་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་རིམ་གྱིས་བོད་ཀྱི་ཡུལ་དུ་རབ་ཏུ་བྱུང་བའི་སྡེ་མང་དུ་འཕེལ་ལོ། །སད་མི་བདུན་ནི། ༡ སྦ་ཁྲི་བཞེར། (འདི་བོད་ཀྱི་རབ་བྱུང་གི་དང་པོ་ཡིན། ཞེས་རྒྱལ་རབ་སྦ་བཞེད་ཞབས་བཏགས་མ་༥༥དང་། ཆོས་འབྱུངམཁས་པའི་དགའ་སྟོན་༣༦༠སོགས་སུ་གསལ་ལོ། །སྦ་ཁྲི་བཞེར། སྦ་ཁྲི་གཟིགས། སྦ་རཏྣ། རྦ་ཁྲི་གཟིགས། རྦ་ཁྲི་བཞེར། རྦ་རཏྣ། བྱ་ཁྲི་གཟིགས། དཔལ་དབྱངས་བཅས་ཞུ། འདི་ལ་སྦ་དང་། རྦ། འབའ། དབའ། བྷ་ཞེས་འབྲི་ཚུལ་སྣ་ཚོགས་སྣང་ངོ) ༢ སྦ་གསལ་སྣང་། (སྦ་གསལ་སྣང་དང་། གསལ་སྣང་། ཡེ་ཤེས་དབང་པོ། སྦ་ཡེ་ཤེས་དབང་པོ་རྣམས་དོན་གཅིག་ཡིན། སྦ་གསལ་སྣང་གིས་བལ་ཡུལ་དུ་མཁན་ཆེན་ཞི་བ་འཚོ་དང་མཇལ་ཏེ་མང་ཡུལ་དུ་སྤྱན་དྲངས་ནས་གཙུག་ལག་ཁང་བཞེངས་ཤིང་སེམས་བསྐྱེད་དེ་མཁན་ཆེན་གྱིས་མཚན་ཡེ་ཤེས་དབང་པོ་ཞེས་བཏགས་སོ། །ལོ་རྒྱུས་ཀྱི་ཡིག་ཆ་མང་པོར། སྦ་གསལ་སྣང་སད་མི་བདུན་གྱི་དང་པོར་བགྲངས་མོད། བུ་སྟོན་ཆོས་འབྱུང་ལས་ནི། སྦ་གསལ་སྣང་གཉིས་པར་བགྲངས་ཏེ། དེ་ཉིད་ལས། མཁན་པོ་བོ་དྷི་སཏྭས་བྱས་ནས་ཐོག་མར་བྱ་ཁྲི་གཟིགས་རབ་ཏུ་བྱུང་བས་ (གཞན་ཡང་བློན་སྲས་སུམ་བརྒྱ་རབ་ཏུ་བྱུང) མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ། །དེ་ནས་སྦ་གསལ་སྣང་། ཞེས་གསལ་བར་གསུངས་སོ། །ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་སྦ་གསལ་སྣང་གཉིས་པར་བགྲང་ངོ་། །སྦ་གསལ་སྣང་ངམ་སྦ་ཡེ་ཤེས་དབང་པོས་མཁན་ཆེན་ཞི་བ་འཚོ་སྤྱན་འདྲེན་དུ་བལ་ཡུལ་དུ་ཕེབས། རྒྱ་ནག་ཏུའང་ཆོས་འཚོལ་དུ་ཕེབས་སྐོར་བུ་སྟོན་ཆོས་འབྱུང་༡༨༥དང་། རྒྱལ་རབས་གསལ་བའི་མེ་ལོང་༢༠༣སོགས་ན་གསལ་ལོ) ༣ བཻ་རོ་ཙ་ན། ༤ རྒྱལ་བ་མཆོག་དབྱངས། ༥ རྨ་རིན་ཆེན་མཆོག ༦ འཁོན་ཀླུའི་དབང་པོ། (འཁོན་ཀླུའི་དབང་པོ་འདི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་དུ་གཏོགས་པ་འཁོན་དཔའ་བོ་ཆེ་ལ་སྲས་བཞི་ཡོད་པའི་གསུམ་པ་དེ་ཡིན་པར། དེབ་སྔོན་སྟོད་ཆ་༢༦༢ན་གསལ) ༧ གཙང་ལེགས་གྲུབ་སྟེ་བདུན་ནོ། །བདུན་པོ་འདི་རྣམས་ནི་བོད་ཀྱི་རབ་བྱུང་གི་ཐོག་མ་ཡིན་ནོ། །མཁན་བརྒྱུད་ནི། ཤཱ་རིའི་བུ། སྒྲ་གཅན་འཛིན། ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་པོ་བོ་དྷི་སཏྭ་རྣམས་བསམ་ཡས་ཀྱི་གྱང་རིས་ལ་ཡོད་དོ། །ཞེས་བུ་སྟོན་ཆོས་འབྱུང་དང་ཆོས་འབྱུང་མཁས་པའི་དགའ་སྟོན་༣༥༨སོགས་སུ་གསལ་བ་ལྟར་རོ། །སད་མི་བདུན་པོ་ཐམས་ཅད་ལོ་ཙཱ་བ་ཤ་སྟག་ཡིན་ལ། དེ་དག་ལས་དྲུག་ནི་ “བུ་སྟོན་ཆོས་འབྱུང” དུ་བོད་ཀྱི་ལོ་ཙཱ་བ་༡༩༢བརྒྱ་དང་གོ་གཉིས་ཀྱི་མཚན་གཞུང་དུའང་གསལ་ལོ། །སྒྲ་བཤད་ནི། སད་མི་བདུན་ཞེས་པའི་སད་ནི་བརྟག་དཔྱད་དམ་ཚོད་བལྟ་བྱེད་པའི་དོན་ཡིན་པས། བོད་དུ་རབ་བྱུང་ཡོང་མི་ཡོང་ཚོད་བལྟ་བའི་ཕྱིར་ཐོག་མར་མི་བདུན་རབ་ཏུ་ཕྱུང་བས་ན་སད་མི་བདུན་ཞེས་བྱའོ། །ཆོས་འབྱུང་མཁས་པའི་དགའ་སྟོན་སྟོད་ཆ་༣༦༡ན་སད་མི་བདུན་གྱི་གྲངས་འདྲེན་སོགས་ལ་དོགས་གཅོད་འདི་ལྟར་མཛད་དེ། དེ་ཉིད་ལས། བུ་སྟོན་ཆོས་འབྱུང་དུའང་པར་བརྐོ་དུས་ཞུས་དག་པས་ཉམས་པ་ཡིན་ནམ་ཀུན་མཁྱེན་བུ་སྟོན་ལྟ་བུ་འདི་ཙམ་ལ་མི་འཁྲུལ་མོད་ཀྱང་། ཐོག་མར་བྱ་ཁྲི་གཟིགས་རབ་ཏུ་ཕྱུང་བས་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ། །དེ་ནས་རྦ་གསལ་སྣང་། རྦ་ཁྲི་བཞེར། སང་ཤི་ཏ། པ་གོར་བཻ་རོ་ཙ་ན། ངན་ལམ་རྒྱལ་མཆོག འཁོན་ཀླུའི་དབང་པོ་སྲུང་བ། རྨ་རིན་ཆེན་མཆོག གཙང་ལེགས་གྲུབ་དང་བདུན་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་དབང་པོ་དང་དཔལ་དབྱངས་ལ་སོགས་པ་ཡིན། སད་མི་བདུན་ཟེར་རོ། །ཞེས་རྦ་ཁྲི་གཟིགས་དང་པོ་དང་གསུམ་པ་གཉིས་ཀར་ལན་རེ་བགྲངས། ཁྲི་བཞེར་གྱི་བུ་སང་ཤི་ཏ་ཞེས་པའི་བུ་དང་རྣམ་དབྱེ་ཆད། གཅོད་མཚམས་ཉམས་པས་མིང་གཉིས་སུ་སོང་། དགུའམ་བརྒྱད་བགྲངས་ནས་མི་བདུན་ཡིན་ཞེས་པ་དང་། རྦ་རཏྣའི་མིང་ཡེ་ཤེས་དབང་པོ་ཡིན་པ་འདྲ་བ་སོགས་ནག་ནོག་ཆེ་བར་སྣང་ངོ་། །ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་གཞི་བཅོལ་ས་ནི་རྒྱལ་རབས་རྦ་བཞེད་ཞབས་བཏགས་མ་ཡིན་པར་མངོན་ནོ། །ཡང་བློན་པོ་བཀའི་ཐང་ཡིག་༤༡༥ལས། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བོད་ཀྱི་སད་མི་མི་བདུན་རབ་ཏུ་བྱུང༔ སྦ་གསལ་སྣང༔ སྦ་དཔལ་དབྱངས༔ ལ་གསུམ་རྒྱལ་བ་མཆོག༔ ལྷ་ལུང་དཔལ་གྱི་རྡོ་རྗེ༔ རྨ་རིན་ཆེན་མཆོག༔ སྦ་ཁྲི་བཞེར༔ བཻ་རོ་ཙ་ན་དང་བདུན་ནོ༔ ཞེས་ཚིག་རིས་མི་མཐུན་པ་གསུངས་སོ། །