11612

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སུམ་རྟགས་ཀྱི་འགྲེལ་པའི་སྐོར
Tibetan Definition (བརྡ་སྤྲོད) སུམ་རྟགས་ཀྱི་འགྲེལ་པ་གསར་རྙིང་གྲགས་ཆེ་བ་འགའ་ཞིག་བཤད་པ་ལ། ཐོག་མར་འགྲེལ་པ་རྙིང་མའི་སྐོར་ལ། ༡ ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ (སྤྱི་ལོ་༡༡༨༢-༡༢༥༡) གྱིས་མཛད་པའི་སུམ་རྟགས་ཀྱི་དོན་འགྲེལ་ཚིགས་བཅད་མ་ཡི་གེའི་སྦྱོར་བ་ཞེས་བྱ་བ་སོགས་ལེ་ཚན་ཁ་ཤས། ༢ དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ (བཅོམ་ལྡན་རིགས་པའི་རལ་གྲིའི་སློབ་མ་ཡིན་ཞིང་། དུས་རབས་བཅུ་གཉིས་པར་བྱོན) ཀྱིས་མཛད་པའི་སུམ་རྟགས་འགྲེལ་པ། ༣ ལོ་ཆེན་ནམ་མཁའ་བཟང་ (ལོ་ཆེན་བྱང་ཆུབ་རྩེ་མོའི་བུ་ཆེན་དང་། དུས་རབས་བཅུ་བཞི་པ) པོས་མཛད་པའི་སུམ་རྟགས་ཀྱི་འགྲེལ་པ་བསྟན་པའི་སྒྲོན་མེ། ༤ སྣར་ཐང་པ་སཾ་གྷ་ཤྲཱིས་ (དུས་རབས་བཅུ་བཞི་པའི་ནང་བྱོན) མཛད་པའི་སུམ་རྟགས་འགྲེལ་པ། ༥ ཡར་འབྲོག་པ་རིན་ཆེན་ཏོག་ (དུས་རབས་བཅུ་གསུམ་པ) གིས་མཛད་པའི་སུམ་རྟགས་འགྲེལ་པ་རིན་པོ་ཆེའི་ཟ་མ་ཏོག ༦ གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་ (༡༤༢༩-༡༤༨༩) མཛད་པའི་སུམ་རྟགས་འགྲེལ་པ། ༧ དགེ་ཡེ་བ་ཚུལ་ཁྲིམས་སེང་གེས་མཛད་པའི་སུམ་རྟགས་འགྲེལ་པ་ཉི་མའི་འོད་ཟེར། ༨ པཎ་ཆེན་ཤཱཀྱ་མཆོག་ལྡན་ (༡༤༢༨-༡༥༠༧) གྱིས་མཛད་པའི་སུམ་རྟགས་འགྲེལ་པ། ༩ ཞྭ་ལུ་ལོ་ཙྪ་བ་ཆོས་སྐྱོང་བཟང་པོས་མཛད་པའི་སྐུ་ཚེ་སྟོད་ལ་མཛད་པའི་སུམ་རྟགས་འགྲེལ་པ་རྣམ་པར་གསལ་བའི་ལེགས་བཤད། ༡༠ པཎ་ཆེན་གསེར་མདོག་ཅན་པས་མཛད་པའི་སུམ་རྟགས་འགྲེལ་པ། ༡༡ དཔའ་བོ་གཙུག་ལག་ཕྲེང་ (༡༥༠༤-༡༥༦༦) བས་མཛད་པའི་སུམ་རྟགས་འགྲེལ་པ་གསལ་བྱེད་སྒྲོན་མེ། ༡༢ ཟུར་མཁར་བ་བློ་གྲོས་རྒྱལ་ (༡༥༠༩-) པོས་མཛད་པའི་སུམ་རྟགས་འགྲེལ་པ་མཁས་པའི་དགའ་སྟོན། ༡༣ རབ་འབྱམས་སྨྲ་བ་ཆོས་རྒྱལ་གྱིས་མཛད་པའི་སུམ་རྟགས་འགྲེལ་པ། ༡༤ འོལ་ཕྲུག་ཀརྨ་རབ་རྒྱས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་པ། ༡༥ སྨན་ལུང་པ་བློ་མཆོག་རྡོ་རྗེས་ (༡༥༩༤-༡༦༧༡) མཛད་པའི་སུམ་རྟགས་འགྲེལ་པ་ཟུང་འཇུག་སྣང་བྱེད་ཡིད་ཀྱི་ཤིང་རྟ། ༡༦ ཞྭ་ལུ་བ་ཆོས་ལེགས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་པ་མཁས་པའི་ཡིད་འཕྲོག ༡༧ གཏིང་སྐྱེས་ཚོགས་གསོག་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་པ་གསལ་བའི་སྒྲོན་མེ། དེ་དག་ནི་སུམ་རྟགས་གཉིས་ཀའི་འགྲེལ་པ་ཡིན་ནོ། །༡༨ ཐོན་མིའི་གདུང་བརྒྱུད་ལས་འཁྲུངས་པ་པཎ་ཆེན་བྱམས་པ་གླིང་པས་ (༡༤༠༠-༡༤༧༥) མཛད་པའི་སུམ་ཅུ་པའི་འགྲེལ་པ་ཞིབ་མོ་རྣམ་འཐག་སོགས་མཐའ་ཡས་པ་ཡོད་པ་ལས། དེང་སང་འགའ་རེ་མ་གཏོགས་ཕལ་ཆེ་བའི་དཔེ་རྒྱུན་ཡང་དཀོན་པར་སྣང་ངོ་། །ཕྱིས་ཀྱི་འགྲེལ་པ་གསར་མའི་སྐོར། ༡ རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་མཛད་པའི་ལེགས་བཤད་སྣང་བྱེད་ནོར་བུ། (༡༦༨༣ལོར་བརྩམས) ༢ བྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་སུམ་ཅུ་པའི་འགྲེལ་པ་ཀུན་ཏུ་བཟང་པོའི་དགོངས་རྒྱན། རྟགས་འཇུག་བཤད་སྦྱར་ཚིགས་བཅད་མ། (རབ་བྱུང་བཅུ་གཉིས་སྟོད་ཙམ་ལ་བརྩམས) ༣ ཅོ་ནེ་བླ་མ་གྲགས་པ་བཤད་སྒྲུབ་ཀྱིས་ (༡༦༧༥-༡༧༤༨) མཛད་པའི་སུམ་རྟགས་འགྲེལ་པ་ཚིག་དོན་གསལ་བྱེད་སྣང་བ། ༤ ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་ (༡༧༠༠-༡༧༧༤) མཛད་པའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། (རབ་བྱུང་བཅུ་གཉིས་ཤིང་ལོར་བརྩམས) ༥ ཨ་སྐྱ་བློ་བཟང་བསྟན་པའི་རྒྱལ་མཚན་ (༡༧༠༨-༡༧༦༨) གྱིས་མཛད་པའི་སུམ་རྟགས་འགྲེལ་པ་བློ་གྲོས་པདྨོ་འབྱེད་པའི་སྣང་བ། (རབ་བྱུང་བཅུ་གཉིས་རབ་ཉི་མེ་སྦྲུལ་ལོར་བརྩམས) ༦ ལྕང་སྐྱ་རོལ་པའི་རྡོ་རྗེས་ (༡༧༡༧-༡༧༨༦) མཛད་པའི་སུམ་རྟགས་འགྲེལ་པ་བློ་ལྡན་དགའ་སྐྱེད། ༧ ཀརྨ་སྨོན་ལམ་འོད་ཟེར་གྱིས་མཛད་པའི་སུམ་རྟགས་འགྲེལ་པ་ལེགས་བཤད་སྣང་བ། ༨ བསམ་གཏན་དོན་གྲུབ་ཀྱིས་མཛད་པའི་སུམ་རྟགས་འགྲེལ་པ་དགོངས་རྒྱན་ནོར་བུའི་མེ་ལོང་། ༩ མཛོད་དགེ་བློ་བཟང་དཀོན་མཆོག་ (༡༧༤༢-x) གིས་མཛད་པའི་རྟགས་འཇུག་འགྲེལ་པ་དགོངས་གསལ་མེ་ལོང་། ༡༠ རྔ་རྒོད་ནམ་མཁའ་སེང་གེས་ (༡༧༡༢-༡༧༨༠) མཛད་པའི་སུམ་རྟགས་འགྲེལ་པ་བློ་ལྡན་དགའ་སྐྱེད། ༡༡ ཨ་ཀྱ་ཡོངས་འཛིན་དབྱངས་ཅན་དགའ་བློས་མཛད་པའི་རྟགས་འཇུག་འགྲེལ་པ་རབ་གསལ་སྣང་བ་དང་། རྣམ་དབྱེ་བྱ་བྱེད་སོགས་ཀྱི་དཀའ་གནས་གསལ་བའི་མེ་ལོང་། བདག་གཞན་བྱ་བྱེད་ལས་གསུམ་ཉུང་གསལ་འཕྲུལ་གྱི་ལྡེ་མིག (རབ་བྱུང་བཅུ་བཞི་པའི་སྟོད་ཙམ་ལ་བརྩམ) ༡༢ རྭ་རྒྱ་དགེ་འདུན་ཤེས་རབ་ཀྱིས་མཛད་པའི་སུམ་རྟགས་དོན་འགྲེལ་མེ་ཏོག་ཕྲེང་མཛེས་དང་། དེའི་ཟུར་འདེབས་ (༡༨༡༨ལོར་བརྩམ) ༡༣ དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་སུམ་རྟགས་འགྲེལ་པ་སི་ཏུའི་ཞལ་ལུང་། (༡༨༦༦) ༡༤ དངུལ་ཆུའི་དབོན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་དང་། རྟགས་འཇུག་གི་འགྲེལ་པ་དཀའ་གནད་གསལ་བའི་མེ་ལོང་། (སྔ་མ་༡༩༠༡ལོ་དང་། ཕྱི་མ་༡༩༠༣ལོར་བརྩམས) ༡༥ གཙོས་གསེར་ཁྲི་བློ་བཟང་རྒྱལ་མཚན་སེང་གེས་ (༡༧༥༧-༡༨༤༩) མཛད་པའི་སུམ་ཅུ་པ་འགྲེལ་པ་ཉིན་མོའི་སྣང་བ་དང་། རྟགས་འཇུག་གི་འགྲེལ་པ་ནོར་བུའི་རྒྱན་ཕྲེང་། (སྔ་མ་༡༨༣༦ལོ་དང་། ཕྱི་མ་༡༨༣༥ལོར་བརྩམས) ༡༦ བདེ་ཐང་མཁན་པོ་བློ་བཟང་འཇམ་དབྱངས་ཀྱི་སུམ་རྟགས་འགྲེལ་པ་ཏམྦུའི་སྒྲ་དབྱངས། ༡༧ ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་སུམ་རྟགས་འགྲེལ་པ་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་མཛད། ༡༨ དགའ་བཞི་པ་རྡོ་རིང་བསོད་ནམས་བསྟན་འཛིན་དཔལ་འབྱོར་ཚེ་རིང་གིས་བརྩམས་པའི་སུམ་རྟགས་འགྲེལ་པ་ཨུཏྤལའི་རྣ་རྒྱན། (༡༨༡༠ལོར་བརྩམས) ༡༩ གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་ (༡༨༤༥-༡༩༡༥) མཛད་པའི་སུམ་རྟགས་འགྲེལ་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག (༡༨༩༡ལོར་བརྩམས) ༢༠ མེར་གེན་མཁན་པོ་སེ་ར་བ་ཡེ་ཤེས་རྣམ་རྒྱལ་གྱིས་མཛད་པའི་སུམ་ཅུ་པའི་འགྲེལ་པ་ལེགས་བཤད་རིན་ཆེན་རྒྱུད་མངས། (༡༩༢༨ལོར་བརྩམས) ༢༡ ངག་དབང་ཐུབ་བསྟན་གྱིས་མཛད་པའི་སུམ་ཅུ་པའི་འགྲེལ་པ་མུ་ཏིག་ཕྲེང་བ། ༢༢ མེར་གེན་ཆོས་རྗེས་མཛད་པའི་བྲ་སྟིའི་ཀུན་བཟང་དགོངས་རྒྱན་གྱི་དགོངས་པ་གསལ་བྱེད་སྒྲོན་མེ། ༢༣ རྔ་རྒོད་ནམ་སེང་གིས་མཛད་པའི་སུམ་རྟགས་འགྲེལ་པ་བློ་ལྡན་དགའ་བྱེད། ༢༤ ཞར་ཤུལ་ཚང་གིས་མཛད་པའི་སུམ་ཅུ་པའི་འགྲེལ་པ་རིན་ཆེན་ལྡེ་མིག ༢༥ དམེ་ཤུལ་ཆོས་འཕེལ་གྱིས་མཛད་པའི་སུམ་རྟགས་འགྲེལ་པ་རྨོངས་མུན་འཇོམས་པའི་ཉི་འོད། ༢༦ ངག་དབང་མཁས་བཙུན་གྱིས་མཛད་པའི་རྟགས་འཇུག་འགྲེལ་པ་བདུད་རྩིའི་འོ་རྒྱུན། ༢༧ བསོད་ནམས་རྒྱ་མཚོས་མཛད་པའི་རྟགས་འཇུག་འགྲེལ་པ་མཐོང་བ་དོན་ལྡན། ༢༨ སྤང་ལུང་པ་ཀུན་བཟང་འཇིགས་མེད་རྒྱ་མཚོས་མཛད་པའི་སུམ་རྟགས་འགྲེལ་པ་འཕྲུལ་ལྡེ། ༢༩ ཚེ་ཏན་ཞབས་དྲུང་གིས་མཛད་པའི་སུམ་རྟགས་འགྲེལ་པ་ཐོན་མིའི་ཞལ་ལུང་། (༡༩༧༩ལོར་བརྩམས) ༣༠ མདོ་སྨད་པ་མཁས་དབང་དགེ་འདུན་སྦྱིན་པས་མཛད་པའི་སུམ་རྟགས་ཀྱི་དགོངས་འགྲེལ་རིག་པའི་སྣང་བ་ (གང་གི་དྲུང་ནས་འགྲེལ་པ་དེ་གའི་སྟེང་ནས་ཕྱི་ལོ་བརྒྱད་ཅུའི་ནང་བཤད་ཁྲིད་ལེགས་པར་ཐོབ) སོགས་ཤིན་ཏུ་མང་ངོ་། །ཚེ་ཏན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་ལ་གཞི་བྱས།