11712

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེམས་བསྐྱེད་ལེན་པའི་ཆོ་ག
Tibetan Definition (དབུ་མ) སེམས་བསྐྱེད་ལེན་པ་ལ་སྨོན་སེམས་དམ་བཅའ་ཅན་གཟུང་བ་ཟེར་ཞིང་། སེམས་བསྐྱེད་ལ་མྱོང་བ་ཐན་ཐུན་སྐྱེས་པའི་མཚམས་ནས་སྨོན་སེམས་དམ་བཅའ་ཅན་གཟུང་བ་ཡིན་ནོ། །དེ་ལེན་པའི་ཆོ་ག་ཤིན་ཏུ་མདོར་བསྡུས་ནི། ཐོག་མར་སྦྱོར་བའི་ཆོ་ག་ལ། སྐྱབས་འགྲོ་ཁྱད་པར་ཅན་བྱ་བ། ཚོགས་བསག་པ། བསམ་པ་སྦྱང་བའོ། །སྐྱབས་འགྲོ་ཁྱད་པར་ཅན་བྱ་བ་ལ། གནས་བརྒྱན་ཅིང་མཆོད་རྫས་བཤམས་པ། གསོལ་བ་གདབ་ཅིང་སྐྱབས་སུ་འགྲོ་བ། སྐྱབས་འགྲོའི་བསླབ་བྱ་བརྗོད་པའོ། །གཉིས་པ་སེམས་བསྐྱེད་ཀྱི་དོན་དུ་གསོལ་བ་གདབ་པ་ནི། བླ་མ་ལ་སྟོན་པའི་འདུ་ཤེས་ཀྱིས་ཕྱག་འཚལ་ཏེ་ཡོན་དང་མཎྜལ་ཕུལ་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་རང་གི་མིང་ནས་སྨོསའདི་ཞེས་བགྱི་བའང་སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ཞེས་ལན་གསུམ་བརྗོད། སྐྱབས་འགྲོ་ཁྱད་པར་ཅན་བྱ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ།། ཞེས་ལན་གསུམ་བརྗོད་དོ། །གཉིས་པ་སེམས་བསྐྱེད་གཟུང་བའི་ཆོ་ག་དངོས་གཞི་ནི། ཕྱོགས་བཅུ་རྣམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་ཚུལ་ཁྲིམས་ཀྱི་རང་བཞིན་དང་བསྒོམས་པའི་རང་བཞིན་གྱི་དགེ་བའི་རྩ་བ་བདག་གིས་བགྱིས་པ་དང་བགྱིད་དུ་བསྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ་བརྗོད་པར་བྱའོ། །སློབ་དཔོན་མེད་ཀྱང་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་ནི། སློབ་དཔོན་དགོངས་སུ་གསོལ། ཞེས་པའི་ཚིག་སྤངས་པ་མ་གཏོགས་གཞན་རྣམས་འདྲའོ། །མཇུག་གི་ཆོ་ག་ནི། སློབ་དཔོན་གྱིས་སྨོན་སེམས་ཀྱིས་བསླབ་བྱ་རྣམས་སློབ་མ་ལ་བརྗོད་པར་བྱའོ། །སེམས་བསྐྱེད་པའི་ཆོ་ག་འདི་ནི་ཇོ་བོའི་སེམས་བསྐྱེད་པའི་ཆོ་ག་དང་། རྗེ་ཙོང་ཁ་པ་ཆེན་པོའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས་གསུངས་པ་ལྟར་རོ། །