11814

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་ཚུལ
Tibetan Definition སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་ཚུལ་ནི། ཡུལ་འདིར་རྒྱ་གར་གྱི་པཎ་གྲུབ་སོགས་བྱོན་ནས་བསྟན་པའི་སྲོལ་ཕྱེ་བའི་ལོ་རྒྱུས་མི་སྣང་བས། ཆོས་ནི་ཐོག་མ་བོད་ནས་བྱུང་བ་ཡིན་ལ། དེ་ཡང་དང་པོ་བྱུང་བ་ནི། ས་སྐྱ་བའི་ཆོས་ལུགས་ཡིན་ཏེ། སྟོབས་ཀྱིས་འཁོར་ལོས་བསྒྱུར་བ་ཆིང་གི་སི་བོད་དུ་བྱོན། མངའ་རིས་སྐོར་གསུམ། དབུས་གཙང་རུ་བཞི། ལྷོ་ཁམས་སྒང་གསུམ་ཐམས་ཅད་དབང་དུ་བསྡུས། གཙང་དུ་མི་སྣ་བཏང་སྟེ་ས་ཆེན་ཀུན་དགའ་སྙིང་པོ་ལ་འབུལ་ནོད་སོགས་བགྱིས་ཤིང་མཆོད་ཡོན་དུ་གྱུར། སླད་ནས་སོག་ཡུལ་དུ་གདན་འདྲེན་པའི་ཞུ་བ་ཕུལ། རྟེན་གསུམ་འགའ་ཞིག་གདན་དྲངས། དེ་ལ་བརྟེན་ནས་སོག་པོ་ཐམས་ཅད་བསྟན་པ་ལ་དད་པར་གྱུར་ཏེ་དཀོན་མཆོག་མཆོད་པའི་མགོ་ཚུགས། དགེ་བསྙེན་སོགས་ཀྱི་སྡོམ་པ་ལེན་པའང་བྱུང་ནས་སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས་སོ། །འདི་སངས་རྒྱས་འདས་ལོ་ལྕགས་འབྲུག་ལ་འདོད་པའི་ལུགས་ལྟར་ན། ལོ་དེ་ནས་ཉིས་སྟོང་གྱ་བདུན་དང༌། མེ་ཡོས་ལ་འདོད་པ་ལྟར་ན་ལོ་ཉིས་སྟོང་ཞེ་གཅིག་པ་རབ་བྱུང་བཞི་པའི་མེ་ཡོས་ལོ་ཡིན་ལ། ལོ་དེ་ནས་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་བར་ལོ་ལྔ་བརྒྱ་དང་གསུམ་འདས་སོ། །ཆིང་གི་ཚ་བོ་གུ་ཡུག་དང་གུ་ཏན་སྤུན་གཉིས་ཀྱིས་ལང་གྲུའུ་ཕྱོགས་སུ་ཁམས་ཀྱི་རྒྱལ་པོ་བྱེད་སྐབས། གུ་ཏན་གྱིས་ས་སྐྱ་པཎ་ཆེན་གྱི་སྙན་པ་ཐོས་ནས་བོད་དུ་མི་སྣ་བཏང་སྟེ་སོག་ཡུལ་དུ་གདན་འདྲེན་པའི་ཞུ་བ་ཕུལ་བས། ས་པཎ་ལ་སྔ་མ་རྗེ་བཙུན་གྲགས་རྒྱལ་གྱིས། ཁྲའི་ཞྭ་དང་ཕག་སྣའི་ལྷམ་གྱོན་པའི་ས་མཐའི་མི་གདན་འདྲེན་པ་འོང་ཚེ། དེར་བྱོན་ན་བསྟན་འགྲོའི་དོན་འབྱུང་བའི་ལུང་བསྟན་ཡོད་པ་དང་འགྲིགས་པས་ཞལ་བཞེས་མཛད་དེ། དབོན་པོ་འཕགས་པ་དང་ཕྱག་ན་བཅས་བྱོན་པ་པ་རབ་བྱུང་བཞི་པའི་མེ་འབྲུག་ལོ་རྒྱལ་པོ་གུ་ཏན་དང་ཞལ་འཛོམས། རྒྱལ་པོ་ས་བདག་གི་ནད་ཀྱིས་ཐེབས་པ་ས་པཎ་གྱིས་སེང་གེ་སྒྲའི་སྒོ་ནས་ནད་ལས་སྒྲོལ་བར་མཛད། རྒྱལ་པོ་འཁོར་བཅས་ལ་དགྱེས་པ་རྡོ་རྗེའི་དབང་གནང་ཞིང༌། དེ་ཡན་ཆད་སོག་པོ་ལ་ཡི་གེ་མེད་པ་ལ། ས་པཎ་གྱིས་ཡི་གེ་གསར་པ་བཟོ་བར་བཞེད་པ་ན། བུད་མེད་ཅིག་གིས། པགས་པ་མཉེད་བྱེད་ཀྱི་ཤིང་སོག་ལེའི་ཁ་ལྟ་བུ་ཞིག་ཐོགས་པ་གཟིགས་ནས། སོག་ཡིག་དེའི་དབྱིབས་ཅན་བཟོས་ཏེ། ཨ་ཨེ་ཨི། ན་ནེ་ནི། ས་སེ་སི། ཧ་ཀེ་ཁི། གྷ་གྷེ་གྷི། མ་མེ་མི། ལ་ལེ་ལི། ར་རེ་རི། འ་འེ་འི། ཏ་ཏེ་ཏི། ཐ་ཐེ་ཐི། ཙ་ཙེ་ཙི། ཚ་ཚེ་ཚི། ཡ་ཡེ་ཡི། ཝ་ཝེ་ཝི་རྣམས་ཕོ་མོ་མ་ནིང་ངམ་སྒྲིམ་ལྷོད་ཞན་གསུམ་དུ་བསྡུས་ནས་ཀློག་པའི་སྲོད་བཏོད། ལྕགས་ཕག་ལོར་ས་པཎ་དང་རྒྱལ་པོ་གཉིས་ཀ་གཤེགས་པས། ས་པཎ་གྱི་སྐུ་གདུང་ལང་གྲུའི་མཁར་གྱི་ཕྱིའི་སྤྲུལ་པ་སྡེའི་མཆོད་རྟེན་གྱི་ནང་ན་བཞུགས་ཞེས་གྲགས་སོ། །བཀའ་བརྒྱུད་པ་དར་ཚུལདེ་རྗེས་མུང་ཁེ་རྒྱལ་པོའི་དུས་ཀརྨ་པཀྵི་སོགས་བྱོན། མུང་ཁེའི་གཅུང་ཧུ་པ་ལིའི་སྐབས་ས་པཎ་གྱི་དབོན་པོ་འགྲོ་དགོན་ཆོས་རྒྱལ་འཕགས་པ་བྱོན་ནས་ཆོས་དར་བར་མཛད་ཅིང༌། རྒྱལ་པོ་ཡང་ཐུགས་དགྱེས་ཤིང་དད་པས། རྒྱ་ནག་གི་སྐད་དུ་ཤིང་ཤིང་ཏཱ་ཀཽ་ཤྲཱི་སྟེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་གསོལ། གྲོང་ཁྱེར་ལི་ཤིམ་གྱི་ས་ཆ་ཡུལ་མི་དང་བཅས་པ་དང༌། ཕྱིས་སུ་རིམ་པས་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་འབངས་སུ་ཕུལ། རྒྱལ་པོས་བོད་ཀྱི་བནྡེ་ཐམས་ཅད་ཆོས་ལུགས་ས་སྐྱ་པ་བྱེད་དགོས་པའི་ལུང་སྒྲོག་ཟེར་བ་ལ། འཕགས་པ་རིན་པོ་ཆེས། རང་རང་གི་སྔོན་ནས་དར་བའི་ཆོས་ལུགས་སུ་གནས་ན་ལེགས་ཚུལ་གསུངས་པས་བཏང་སྙོམས་སུ་བཞག་གོ། འཕགས་པ་རིན་པོ་ཆེ་ཤིང་གླང་ལོར་བོད་དུ་བྱོན། རབ་བྱུང་ལྡ་པའི་ས་སྦྲུལ་ལོར་སླར་ཡང་ཧོར་ཡུལ་དུ་ཕེབས། ལྕགས་རྟ་ལོར་སོག་ཡིག་འཁོར་མ་གྲུ་བཞི་བཟོས་ཤིང༌། འཆད་ཉན་དང་སྒོམ་སྒྲུབ་སོགས་བྱེད་པའི་སྲོལ་བཙུགས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། རྒྱལ་པོས་རྒྱ་གར་ནས་སངས་རྒྱས་ཀྱི་རིང་བསྲེལ་སོགས་རྟེན་གསུམ་མང་པོ་སྤྱན་དྲངས་ཏེ་གཙུག་ལག་ཁང་བཞེངས་ཤིང་དགེ་འདུན་གྱི་སྡེ་བཙུགས་ནས་བསྟན་པ་དར་བར་བྱས་སོ། །འོན་ཀྱང་འཁོར་ཡིག་གི་སོག་སྐད་དུ་ཆོས་བསྒྱུར་མ་ཐུབ་པས། སོག་པོ་རྣམས་ཀྱིས་ཆོས་འདོན་པའི་ཚེ་ཡུ་གུར་སྐད་ཀྱིས་འདོན་པ་ལ། ཨོལ་རྗེའི་རྒྱལ་པོའི་དུས་སུ་ས་སྐྱ་པ་ཆོས་ཀྱི་འོད་ཟེར་བྱ་བ་བྱོན་ནས་སྔར་ས་པཎ་གྱིས་བཟོས་པའི་ཡི་གེ་ལ་ཡི་གེ་མཇུག་མ་ཅན་མང་པོ་བསྣན་ནས་ཆོས་བསྒྱུར་ཐུབ་པ་མཛད། ཕྱིས་སུ་ཧའི་སན་ཁུ་ལུག་རྒྱལ་པོའི་དུས་གཟུངས་གྲྭ་ལྔ་སོགས་བཀའ་བསྟན་སོག་སྐད་དུ་བསྒྱུར། དེ་རྗེས་ཞིག་ཀརྨ་པ་རང་བྱུང་རྡོ་རྗེ་བྱོན་ནས་ཧོར་གྱི་རྒྱལ་པོ་ཞིག་ལ་དབང་བསྐུར་ཟེར་ཏེ། ཅི་ཡ་ཐུ་རྒྱལ་པོ་ཡིན་ནམ་སྙམ། ཐོ་གྭན་ཐུ་མེར་གྱིས་ཀརྨ་པ་རོལ་པའི་རྡོ་རྗེ་གདན་དྲངས། ཆིང་གིར་ནས་ཨེརྟེ་ནི་ཆོག་ཐུའི་བར་རྒྱལ་པོ་བཅུ་བཞིའི་རིང་ལ་ས་སྐྱ་པ་དང་བཀའ་བརྒྱུད་པའི་བླ་མ་མང་དུ་བྱོན་འདུག་ཅིང༌། རྒྱལ་པོས་ཏིའི་ཤྲཱིར་བཀུར་བའང་ཁ་ཤས་བྱུང་འདུག (དགེ་ལྡན་པ་དར་ཚུལ) དེ་ནས་དགེ་ལྡན་པ་དང་མཆོད་ཡོན་དུ་འབྲེལ་ཚུལ་ནི། ཐུ་མེད་ཀྱི་ཨ་ལ་ཐན་ཧན་གྱི་དུས་རྒྱལ་དབང་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་བྱོན། སོག་པོ་རྣམས་ཀྱིས་ཨོ་གོྭང་མཆོད་པའི་ཆེད་དུ་སྲོག་གཅོད་མང་པོ་བྱེད་པའི་སྲོད་བཅད། ཞྭ་སེར་གྱི་བསྟན་པའི་སྲོལ་བཙུགས། རྒྱལ་དབང་དེ་ཉིད་སོག་ཡུལ་དུ་མྱ་ངན་ལས་འདས་པའི་སྤྲུལ་སྐུ་རྒྱལ་དབང་བཞི་པ་ཡོན་ཏན་རྒྱ་མཚོ་སོག་ཡུལ་དུ་སྐུ་འཁྲུངས་པས་ལྷག་པར་སོག་ཡུལ་དུ་བསྟན་པ་དར་བ་ལ་སྨན་པར་གྱུར། སོག་པོ་ཐམས་ཅད་དགེ་ལྡན་པའི་སྦྱིན་བདག་ཏུ་གྱུར། དེ་རྗེས་ཤི་རེ་ཐུ་གུ་ཤྲིས་ཡུམ་གསུམ་སོག་སྐད་དུ་བསྒྱུར། ཆ་ཧར་ལེགས་ལྡན་ཧུ་ཐོག་ཐུའི་དུས་ཀུན་དགའ་འོད་ཟེར་གྱིས་གཙོས་པའི་ལོ་ཙཱ་བ་མང་པོས་བཀའ་འགྱུར་ཡོངས་རྫོགས་སོག་སྐད་དུ་བསྒྱུར། སོག་པོའི་རྒྱལ་ཕྲན་ཐ་མ་ལེགས་ལྡན་གྱིས་རང་སྲིད་རང་གིས་ཉམས་པར་བྱས་ཏེ་ཧོར་གྱི་རྒྱལ་རབས་རྫོགས་པར་གྱུར་ནའང༌། བདེ་སྐྱིད་རྒྱལ་པོའི་དུས་སོག་ཡིག་གི་བཀའ་འགྱུར་ཞུ་དག་མཛད་ནས་སྤར་དུ་བསྒྲུབས། འཇམ་དབྱངས་གོང་མ་ཆེན་ལུང་རྒྱལ་པོའི་བཀས་བསྟན་འགྱུར་ཡོངས་རྫོགས་སོག་སྐད་དུ་བསྒྱུར་ནས་སྤར་དུ་བསྒྲུབས། འདི་དུས་ལྕང་སྐྱ་ཐམས་ཅད་མཁྱེན་པ་རོལ་པའི་རྡོ་རྗེས་སོག་སྐད་དུ་ཆོས་བསྒྱུར་བ་ལ་མེད་མི་རུང་གི་དག་ཡིག་མཁས་པའི་འབྱུང་གནས་ལྗགས་རྩོམ་མཛད་པ་ཕྱིས་ཀྱི་སྒྱུར་བྱེད་རྣམས་ལ་གསུང་རབ་ཀྱི་བརྡ་དོན་བལྟ་བའི་མིག་ཏུ་གྱུར་ཏོ། །ཡང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང༌། རྒྱལ་དབང་ལྔ་པའི་སློབ་མ་ཛ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས་དང༌། ཨེར་ཏེ་ནི་པཎྜི་ཏ་བློ་བཟང་བསྟན་འཛིན་གཉིས་ཀྱིས་ཀྱང་དགོན་པ་བཙུགས་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གསུང་ལྟར་བཀོད།