11850

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐད་གསར་བཅད
Tibetan Definition སྐད་གསར་བཅད་ཅེས་པའི་གོ་དོན་ནི། སྐད་གསར་པ་གཏན་ལ་ཕབ་པའི་དོན་ཡིན། བཅད་ཅེས་པ་ཐག་བཅད་པའམ་གཏན་ལ་ཕབ་པའི་དོན་ཡིན། དེ་ཡང་ཡི་གེའི་འབྲི་ཀློག་མི་བདེ་བའི་བརྡ་རྙིང་གི་འབྲི་སྲོལ་འགའ་ཞིག་ལ་བཅོས་འགྱུར་བཏང་སྟེ་གཏན་ལ་ཕབ་པ་ལ་སྐད་གསར་བཅད་ཟེར། དཔེར་ན་ཀུནད། ཅེས་པའི་ད་དྲག་བསྡུས་ནས། ཀུན་ཞེས་གཏན་ལ་ཕབ་པ་དང་། འགྱོ་ནི་འགྲོ་དང་། མྱིག་ནི་མིག སྩོགས་ནི་སོགས་ཞེས་པར་གཏན་ལ་ཕབ་པ་ལྟ་བུའོ། །སྐད་གསར་བཅད་དུས་ནམ་གྱི་ཚེ་བྱུང་བ་སོགས་ཞིབ་པར་ “སྐད་གསར་བཅད་ཐེངས་གསུམ” ཞེས་པའི་ཐད་དུ་གཟིགས། སྐད་གསར་བཅད་ལ་སྐྱོན་བརྗོད་བྱེད་མཁན་ཡང་འདུག་པ་འདི་ལྟར། སྐ་ཅོག་ཞང་གསུམ་སོགས་སྐད་གསར་བཅད་མཁན་པོ་དག་ལ་གནའ་དེང་གི་མཁས་པ་དུ་མས་ཞུས་དག་མང་དྲགས་པའི་སྐྱོན་གྱིས་བརྡ་རྙིང་མང་པོ་ཞིག་ནུབ་ནས་མི་སྣང་བར་གྱུར་ལ། གསར་བཅད་དེའི་དབང་གིས་བརྡ་གསར་རྙིང་ངམ་ཡིག་སྐད་དང་ཕལ་སྐད་ཀྱི་བར་ཁྱད་ཆེ་རུ་བཏང་བའི་སྐྱོན་བརྗོད་བྱེད་མཁན་ཡང་ཡོད་དེ། སི་ཏུ་འགྲེལ་ཆེན་ལས། རྒྱ་ནག་གི་ཟླས་དྲངས་པའི་རྒྱ་དཀར་པོ་ཞེས་བོད་དུ་གྲགས་པར་ཟད་མོད། འོན་ཀྱང་མིང་མཐའ་འདྲེན་ཚུལ་གྱིས་སྔོན་འཇུག་མ་ནིང་ད་ཡིག་ཕྱིས། མིང་གཞི་རང་སྡེའི་མོ་ཡིག་ཏུ་བསྒྱུར་བས་རྒྱ་གར་ཞེས་གྲུབ་པར་འཁུམས་པས་སོ། །དེ་བཞིན་དུ་ཀླད་ཀོར་དང་། སྟོད་ཀོར་དང་། པད་ཀོར་སོགས་ཀྱང་སྐོར་བའི་དོན་ལ། སྔ་མའི་རྗེས་འཇུག་གི་དབང་ལས་ས་མགོ་མོ་ཡིག་ཡིན་པས་ཕྱིས་པ་སྟེ་སྐོར་བའི་སྐད་དོད་ཡོད་མེད་རྩད་མི་དགོས་ཤིང་ཐོ་སྐོར་ཉེ་སྐོར་སོགས་ལ་ས་མགོ་ངེས་པར་སྦྱར་དགོས་པ་ལྟ་བུའང་གོ་བར་བྱའོ། །དེས་ན་འདི་འདྲའི་རིགས་མིང་མཐའ་རྟགས་མཚུངས་འདྲེན་ཚུལ་སྔོན་གྱི་བརྡ་རྙིང་ལ་ཤིན་ཏུ་མང་བ་ཞིག་ཡོད་པ་འདྲའང་གསར་བཅད་ཀྱི་ཞུ་དག་མངས་པས་ད་ལྟ་ཕལ་ཆེར་ནུབ་པར་གདོན་མི་ཟ་བས་དཔེར་བརྗོད་ཀྱང་ཆེར་མི་སྣང་ལ། འདིས་ཐམས་ཅད་ལ་རིགས་འགྲེ་སྦྱར་ཆོག་པའང་མིན་པར་མངོན་ཏེ། འདི་རིགས་མིང་མཐའ་འདྲེན་ཚུལ་རྟགས་མཚུངས་བརྗོད་བདེ་མི་བདེ་སོགས་དང་བསྟུན་པའི་ཚིག་སྡུད་ལས་བྱུང་བའི་དམིགས་བསལ་གྱི་ཡི་གེའི་རྣམ་འགྱུར་ཞིག་ཏུ་སྣང་བའི་ཕྱིར་རོ། །ཞེས་སོགས་གསུངས་སོ། །མྱི་དང་། འགྱོ་བ་ཞེས་པའི་བརྡ་རྙིང་ལྟ་བུ་སྐད་གསར་བཅད་ཀྱི་སྐབས་སུ་དོར་ཏེ་བོད་ཡིག་གི་བཞུགས་གྲལ་ནས་ཕུད་པ་ལྟ་བུས་ད་ཆ་མདོ་ཁམས་ཀྱི་ལུང་ཚན་འགའ་ཙམ་ལས་གཞན་སུས་ཀྱང་མི་གོ་བའི་གནས་སུ་བསྐྱེལ་འདུག་འདི་ཡང་སྐད་གསར་བཅད་ཀྱི་སྐྱོན་ནོ། །ངེད་ལ་ཁམས་ཛ་ཆུ་ཁ་ནས་ཡིན་པ་ཞིག་ཡོད་པ་ཁོ་པས་ད་ལྟ་ཡང་འགྲོ་བ་ལ་འགྱོ་བ་ཟེར་གྱི་འདུག མ་ཟད་འཕན་པོའི་སྐད་དུའང་འགྲོ་བ་ལ་འགྱོ་བ་ཟེར་བར་ཐོས། དེ་བཞིན་དུ་མི་ལ་མྱི་ཟེར་མཁན་ནི་མང་དག་ཅིག་ད་ལྟ་ཡང་ཡོད་དོ། །