11851

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐད་གསར་བཅད་ཐེངས་གསུམ
Tibetan Definition ཡི་གེའི་འབྲི་ཀློག་མི་བདེ་བའི་བརྡ་རྙིང་གི་འབྲི་སྲོལ་འགའ་ཞིག་ལ་བཅོས་འགྱུར་བཏང་སྟེ་གཏན་ལ་ཕབ་པ་ལ་སྐད་གསར་བཅད་ཟེར། སྐད་གསར་བཅད་ཀྱི་སྐོར་རྒྱས་པར་གོང་དུ་གཟིགས། སྐད་གསར་བཅད་ཐེངས་གསུམ་ནི་སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་ལྟར་ན། བཀས་བཅད་དང་པོ་ནི་ཐོན་མི་སཾ་བྷོ་ཊ་ནས། ཁྲི་སྲོང་ལྡེ་བཙན་ (༧༤༢-༧༩༨) གྱི་སྐབས་སུ་ཐོག་མར་བསྒྱུར་བའི་འགྱུར་རྣམས་བཀས་བཅད་དང་པོས་གཏན་འབེབས་བྱས་པའི་སྐད་གསར་བཅད་དང་པོ་ཡིན་ལ། བཀས་བཅད་དང་པོས་བསྒྱུར་བའི་མདོ་ནི། སངས་རྒྱས་ཕལ་མོ་ཆེ་དང་། ལུང་སྡེ་བཞི་དང་། མདོ་སྡེ་ཁ་ཅིག་དང་། ཤེར་ཕྱིན་གྱི་མདོ་ཁ་ཅིག་ཡིན་པར་བཤད་དོ། །བཀས་བཅད་གཉིས་པ་ནི། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཕྱིས་སུ་བསྒྱུར་བའི་འགྱུར་རྣམས་དང་། མངའ་བདག་ཁྲི་རལ་པ་ (༨༠༠-༨༣༦) ཅན་ཡན་ཆད་དུ་སྐ་ཅོག་ཞང་ལ་སོགས་པས་མཛད་པ་དང་། སྐད་གསར་བཅད་གསུམ་པ་ནི། བཀས་བཅད་ཐ་མ་ནི། (དུས་རབས་བཅུ་པའི་ནང་) བོད་ཀྱི་ཆོས་རྒྱལ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཀྱི་སྒྲ་སྒྱུར་ལོ་ཙཱ་བ་ཆེན་རིན་ཆེན་བཟང་པོ་དང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་། དུས་རབས་བཅུ་བཞི་པའི་ནང་དཔང་ལོ་ཙཱ་བ་ཆེན་པོ་དང་། དུས་རབ་བཅོ་ལྔ་པའི་འགོར་ལོ་ཆེན་དྷརྨ་པཱ་ལ་བྷ་དྲའམ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་བར་དུ་བྱོན་པ་རྣམས་ཀྱིས་མཛད་པར་བཞེད་དོ། །ཁོ་བོ་ལྟར་ན། སྐད་གསར་བཅད་ཅེས་པ་སྔར་གྱི་བཀའ་བསྟན་གྱི་ཐ་སྙད་རྙིང་པ་རྣམས་ལ་གསར་བཅོས་སམ་ལེགས་བཅོས་བྱས་པའི་དོན་ཡིན་པས། ཐོན་མི་སོགས་ལོ་ཙཱ་བ་སྔ་བ་རྣམས་ཀྱིས་ཐ་སྙད་གསར་བཟོ་བྱས་པ་ཡིན་གྱི། སྔར་གྱི་འགྱུར་རྙིང་ལ་ལེགས་བཅོས་བྱས་པ་མིན་པས། དེ་དག་གི་འགྱུར་ལ་སྐད་གསར་བཅས་ཞེས་པའི་དོན་མེད་དོ། །སྐད་གསར་བཅད་དང་པོ་ནི་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་བཞག་དགོས་པར་སེམས་སོ། །དེས་ན་བཀས་བཅད་དང་པོ་ནི། (དུས་རབས་བརྒྱད་པའི་ནང) ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་སོགས་ཀྱིས་ཐོན་མི་སོགས་ཀྱི་འགྱུར་རྙིང་རྣམས་ལ་ལེགས་བཅོས་བྱས་ཏེ་གཏན་འབེབས་མཛད་པ་ནས་བཀས་བཅད་དང་པོ་བྱུང་ངོ་། །བཀས་བཅད་བར་པ་ནི། (དུས་རབས་དགུ་པའི་ནང) ཁྲི་ལྡེ་སྲོང་བཙན་སྟེ་སད་ན་ལེགས་འཇིང་ཡོན་ (བོད་ཀྱི་རྒྱལ་རབས་བཞི་བཅུ་པ། ཁྲི་སྲོང་ལྡེ་བཙན་སྲས་བཞི་པ) གྱི་སྐབས་སུ། སྔོན་ཡབ་རྒྱལ་པོའི་སྐབས་སུ་གཏན་འབེབས་བྱས་པའི་ཐ་སྙད་མང་པོ་ཞིག་སྐྱོན་གཟིགས་ཏེ། རྒྱ་གར་གྱི་མཁས་པ་ཨཱཙཱརྱཛི་ན་མི་ཏྲ་སོགས་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེ་སོགས་ཀྱིས་བྱེ་བྲག་རྟོགས་བྱེད་འབྲིང་པོའམ་སྒྲ་སྦྱོར་བམ་གཉིས་མཛད་དེ་བཀས་བཅད་གཉིས་པ་མཛད་དོ། །བཀས་བཅད་ཐ་མ་ནི། (དུས་རབས་བཅུ་པའི་ནང་) བོད་ཀྱི་ཆོས་རྒྱལ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཀྱི་སྒྲ་སྒྱུར་ལོ་ཙཱ་བ་ཆེན་རིན་ཆེན་བཟང་པོ་དང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་། དུས་རབས་བཅུ་བཞི་པའི་ནང་དཔང་ལོ་ཙཱ་བ་ཆེན་པོ་དང་། དུས་རབ་བཅོ་ལྔ་པའི་འགོར་ལོ་ཆེན་དྷརྨ་པཱ་ལ་བྷ་དྲའམ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་བར་དུ་བྱོན་པ་རྣམས་ཀྱིས་མཛད་པར་བཞེད་དོ། །བོད་རྒྱ་ཚིག་མཛོད་ཆེན་མོར་ཅུང་ཟད་མི་འདྲ་བ་བཤད་ཡོད་པས་དེར་གཟིགས། བཀས་བཅད་དང་པོ་གཉིས་ཀྱི་སྐབས་སུ་བོད་ཀྱི་སྐད་ཡིག་ལ་དོ་ཕོག་གནོད་སྐྱོན་ཆེ་ཙམ་བྱུང་འདུག་སྙམ་སྟེ། ཡིག་ཟོར་ཡང་བ་དང་། རྟགས་མཚུངས་འདྲེན་པ་སོགས་ཡིན་ཁུལ་གྱིས། ཡི་གེའི་སྔོན་རྗེས་མང་པོ་ཞིག་དོར་ནས་གོ་བདེ་བའི་ཐ་སྙད་མང་པོ་ཞིག་གོ་མི་བདེ་བར་བཏང་བ། དཔེར་ན་འཁོར་ཡུག་ལ་ཁོར་ཡུག ཡིད་དམ་ལ་ཡི་དམ། ཡིད་དྭགས་ལ་ཡི་དྭགས། གསུམ་བཅུ་ལ་སུམ་ཅུ། གཤམ་ཐབས་ལ་ཤམ་ཐབས་སོགས་ཧ་ཅང་མང་ངོ་། །ལོ་ཆེན་རིན་ཆེན་བཟང་པོས་བཀས་བཅད་བར་པའི་སྐབས་སུ་ནོར་འཁྲུལ་དེ་དག་སོར་ཆུད་ཐབས་གནང་འདུག་ཀྱང་ལམ་ལྷོང་མ་བྱུང་བར་སྐད་བཅད་བར་པ་བཞིན་དུ་མུ་མཐུད་དེ་གནས་འདུག དཔེར་ན། ལོ་ཆེན་གྱིས། གཉི་ཟླ་ལ་ཉི་ཟླ། བསྟན་བཅོས་ལ་བསྟན་ཆོས། སྟུག་པོ་ལ་འཐུག་པོ། ཉི་ཤུ་ལ་གཉིས་བཅུ། སུམ་ཅུ་ལ་གསུམ་བཅུ། སུམ་བརྒྱ་ལ་གསུམ་བརྒྱ་སོགས་སུ་འཆོས་པར་མཛད་ཀྱང་ལག་ལེན་སྟར་མཁན་མ་བྱུང་བར་སྔར་མུས་སུ་གནས་སོ། །འོ་ན་ཡིད་དམ་དང་ཡིད་དྭགས་སོགས་རྟགས་མཚུངས་འདྲེན་ཚུལ་གྱིས་བཅོས་བསྒྱུར་བཏང་བ་ཡིན་ན། ཡིད་ཆེས་དང་། ཡིད་མངོན། ཡིད་བརྟན། ཡིད་འབྱུང་། ཡིད་བྱེད། ཡིད་སྨོན། ཡིད་འོང་། ཡིད་ཡུལ། ཡིད་ཤེས་སོགས་ལའང་རིགས་པ་མཚུངས་པའི་ཕྱིར། ཡི་ཆེས་དང་། ཡི་མངོན། ཡི་བརྟན། ཡི་འབྱུང་། ཡི་བྱེད། ཡི་སྨོན། ཡི་འོང་། ཡི་ཡུལ། ཡི་ཤེས་སོགས་སུ་ཅིའི་ཕྱིར་མ་བཅོས་ཞེས་དོགས་གཅོད་ཞུའོ། །བཀས་བཅད་རྣམ་པ་གསུམ་གྱི་སྐོར་འདི་སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་ལ་གཞི་བྱས་ཏེ་བཀོད་དོ། །