11863

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐད་རིགས་ཆེན་པོ་བཞི
Tibetan Definition སཾ་སྐྲྀ་ཏ་ལེགས་སྦྱར་གྱི་སྐད་དང་། པྲཱ་ཀྲྀ་ཏ་ཡུལ་མི་རང་བཞིན་པའམ་ཕལ་སྐད། ཨ་བ་བྷྲཾ་ཤ་ཟུར་ཆག་གི་སྐད། པི་ཤཱ་ཙི་ཀ་ཤ་ཟའི་སྐད་དང་བཞིའོ། །སཾ་སྐྲྀ་ཏའི་སྐད་ནི། (རྒྱ་གར་གྱི་སྐད་རིགས་གཞན་ཐམས་ཅད་ཀྱི་རྩ་བའམ་ཕྱི་མོ་ཡིན) ཡུལ་མི་རང་བཞིན་པའི་སྐད་ནི། (ཡུལ་མི་རང་བཞིན་པ་ཞེས་པ་ནི། ཡུལ་མིའི་ཕལ་སྐད་ཅེས་པའི་དོན་ཡིན། རང་བཞིན་པ་ནི་ཕལ་སྐད་ཀྱི་དོན་ཡིན་པར། སི་ཏུ་འགྲེལ་ཆེན་ལས་བཤད་དེ། པྲཱ་ཀྲྀ་ཏ་ཞེས་པ་ཕལ་པ་ལ་འཇུག་པས། རྒྱ་གར་གྱི་ཡུལ་འཁོར་ཆེན་པོར་གྲགས་པའི་ཕལ་སྐད་བཞིན་དུ། བོད་ཡུལ་གྱི་ཕལ་སྐད་དམ་རང་བཞིན་གྱི་སྐད་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །ཡང་། འདི་ལ་ཐ་མལ་པའི་སྐད་ཅེས་ཀྱང་བྱ། རྒྱ་གར་གྱི་ཡུལ་གྲུ་ཆེན་པོའམ་གྲོང་ཁྱེར་ཆེན་པོ་རྣམས་ཀྱི་སྐད་ལ། ཡུལ་མི་རང་བཞིན་པའི་སྐད་ཟེར། དཔེར་ན་པཱ་ལིའི་སྐད་དང་། ཧིཾ་དཱིའི་སྐད་ལྟ་བུ་བཞག་ན་ཆོག་པར་སེམས) ཟུར་ཆག་གི་སྐད་ནི། (སྤྱིར་ན་ལེགས་སྦྱར་གྱི་སྐད་ལས་གཞན་པའི་རྒྱ་གར་གྱི་སྐད་ཐམས་ཅད་ཟུར་ཆག་ཡིན་ཀྱང་། འདིར་ནི་ཡུལ་མི་རང་བཞིན་པའི་སྐད་དེའང་ཟུར་ཆག་པའི་ཡུལ་མཐའ་ཁོབ་ཀྱི་བ་ལང་རྫི་ལ་སོགས་པའི་སྐད་ལྟ་བུ་ལ། ཟུར་ཆག་གི་སྐད་ཟེར) ཤ་ཟའི་སྐད་(ཟུར་ཆག་གི་སྐད་དེའང་ཟུར་ཉམས་པའི་སྐད་ལ། ཤ་ཟའི་སྐད་ཟེར་བ་ཡིན་འདུག མདོར་ན་ཤ་ཟའི་སྐད་ནི་སྐད་རིགས་བཞི་པོ་ཐམས་ཅད་ཀྱི་ནང་ནས་ཐ་ཤལ་དེ་ཡིན་ནོ)དང་བཞིའོ། །སི་ཏུ་འགྲེལ་ཆེན་རྟགས་འཇུག་གི་སྐབས་སུ་གཟིགས་ན་འདི་དག་གི་ཁྱད་པར་རྣམས་ཤེས་པར་འགྱུར་རོ། །ཡང་། རྒྱལ་རིགས་ལས་རབ་ཏུ་བྱུང་བའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་མཁན་པོ་སྲས་སྒྲ་གཅན་འཛིན་བཟང་པོ་ནི། སཾ་སྐྲྀ་ཏའི་སྐད་དུ་འདོན། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བའི་དགེ་འདུན་ཕལ་ཆེན་སྡེ་པའི་མཁན་པོ་འོད་སྲུང་ཆེན་པོ་ནི། ཟུར་ཆག་གི་སྐད་དུ་འདོན། རྗེ་རིགས་ལས་རབ་ཏུ་བྱུང་བའི་གནས་བརྟན་པའི་སྡེ་པའི་མཁན་པོ་འཕགས་པ་ཀ་ཏྱ་ཡ་ན་ནི། ཡུལ་མི་རང་བཞིན་པའི་སྐད་དུ་འདོན། དམངས་རིགས་ལས་རབ་ཏུ་བྱུང་བའི་མང་པོས་བཀུར་བའི་སྡེ་པའི་མཁན་པོ་ཉེ་བར་འཁོར་ནི། ཤ་ཟའི་སྐད་དུ་འདོན། ཞེས་བྱེ་བྲག་ཏུ་སྨྲ་བའི་རྩ་བའི་སྡེ་བཞི་ཡིས་སྐད་རིགས་མི་འདྲ་བའི་བཞི་ཡི་སྒོ་ནས་མདོ་འདོན་ཚུལ་གསུངས་པ་དང་གོང་དུ་བཤད་པ་གཉིས་ཞིབ་བསྡུར་གྱིས་དཔྱད་དགོས་པ་འདུག་གོ།