11913

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ
Tibetan Definition (ཕར་ཕྱིན) 1 ནྱ་གྲོ་དྷའི་ཤིང་སྡོང་དཀྱུས་ཞེང་མཉམ་པ་བཞིན་དུ་སངས་རྒྱས་ཀྱི་སྐུ་ལུས་ཀྱང་དཀྱུས་ཞེང་མཉམ་པ་ཡིན་ཞེས་པའི་དོན་ཡིན། དེ་ཡང་ཕྱག་གཉིས་བརྐྱངས་པའི་རིང་ཚད་དང་། སྐུའི་རིང་ཚད་གཉིས་མཉམ་པ་ཡིན་ཞེས་པའོ། །འདུལ་བ་ལུང་གཞི་༼ ག་པ ༽ ལས། ལྷ་གཞོན་ནུ་ནི་སྐུ་ཇི་སྲིད་པར་འདོམ་ཡང་དེ་སྲིད་ལ་འདོམ་ཇི་སྲིད་པར་སྐུ་ཡང་དེ་སྲིད་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ལགས་ཏེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ཞེས་གསུངས་པ་ལྟར་རོ། །མངོན་རྟོགས་རྒྱན་ལས། སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །ཅེས་གསུངས། ཞིབ་པར་ནྱ་གྲོ་དྷ་ཞེས་པའི་ཐད་དུ་གཟིགས།  2 སྐུ་སྟོད་དང་སྐུ་སྨད་གཉིས་རིང་ཐུང་ཚད་མཉམ་པ་ལའང་ཟེར། རྗེའི་ལེགས་བཤད་གསེར་ཕྲེང་༡༡༨བ༤ལས། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ནི་འདོམ་གྱི་ཕན་ཚུན་གྱི་རྩེ་མོ་ནས་གཅལ་པ་ཇི་ཙམ་པ་ཞབས་ནས་སྤྱི་བོའི་བར་ལའང་དེ་ཙམ་པའོ། །དགོངས་རྒྱན་དུ་ནྱ་ག་ནི་དམའ་བ་སྟེ་སྐུ་སྨད་རོད་ནི་མཉམ་པ་སྟེ་ལྟེ་བ་ནས་བཟུང་ནས་སྐུ་སྨད་དང་སྐུ་སྟོད་ཚད་མཉམ་པའོ་ཞེས་དང་། ཡང་ན་འདོམ་ནི་ནྱ་གྲོ་དྷ་སྟེ་ཞེས་སྔར་ལྟར་ཡང་བཤད་དོ། །འོན་ཀྱང་མདོ་དང་ཉི་སྣང་གི་དགོངས་པ་སྔ་མའོ། །ཞེས་གསུངས་སོ། །