From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| སྐུའི་གསང་བ་གསུམ
|
| Tibetan Definition
|
གསང་བ་གསུམ་དང་དོན་གཅིག སྐུའི་གསང་བ། གསུང་གི་གསང་བ། ཐུགས་ཀྱི་གསང་བ་དང་གསུམ་མོ། །གསང་བ་གསུམ་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་གསུངས་པ་ལྟར། ནམ་མཁའི་མཐས་ཁྱབ་ཚད་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་ཅིང་། དག་པ་དང་མ་དག་པའི་གདུལ་བྱའི་སྣང་བ་དང་མཐུན་པར་སྟོན་པར་ནི། དེ་བཞིན་གཤེགས་པའི་སྐུའི་གསང་བའོ། །གདུལ་བྱའི་བསམ་པ་དང་མཐུན་པའི་སྐད་མཐའ་ཡས་པས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་མ་ལུས་པར་འཆད་པ་ནི། གསུང་གི་གསང་བའོ། །སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་སྤངས་པ་དང་རྟོགས་པས་བསྡུས་པའི་ཡོན་ཏན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་འདས་པ་ནི་ཐུགས་ཀྱི་གསང་བའོ། །སྒྲ་བཤད་ནི། སྐུ་ནི་འདིར་ཞེ་སའི་ཚིག་ཅིག་ཡིན་གྱི། སྐུ་གསུང་ཐུགས་ཀྱི་ཟླས་ཕྱེ་བའི་སྐུའི་དོན་ནི་མིན་ནོ། །སོ་སོ་སྐྱེ་བོ་དང་། ཉན་རང་སོགས་ཀྱི་བློའི་སྤྱོད་ཡུལ་དུ་མ་གྱུར་པས་ན་གསང་བའོ། །སྐུ་ཞེས་པ་ཞེ་ས་ལ་འཇུག་པ་ནི། དཔེར་ན་ཡོན་ཏན་ལ་སྐུ་ཡོན་ཞེས་པ་དང་། རྩེད་མོ་ལ་སྐུ་རྩེད་ཅེས་པ་ལྟ་བུའོ། །གསང་བ་ནི། ལྐོག་ཏུ་གྱུར་པ། མངོན་དུ་མ་གྱུར་པ། རྟོགས་པའམ་དཔོག་པར་དཀའ་བ། བློའི་སྤྱོད་ཡུལ་དུ་མ་གྱུར་པ་སོགས་ལ་འཇུག་གོ། ཡང་ན། སྐུའི་གསང་བ་ནི། དེ་བཞིན་གཤེགས་པའི་སྐུའི་ཚད་དམ་སྐུའི་མཐའ་མཐོང་བར་མི་ནུས་པ་ལ་བཤད། གསུང་གི་གསང་བ་ནི། གསུང་གི་ཚད་དཔོག་པར་མི་ནུས་པ་ལ་བཤད། ཐུགས་ཀྱི་གསང་བ་ནི། ཐུགས་ལ་ཀུན་སློང་གི་རྟོག་པ་མི་མངའ་བ་སོགས་ལ་བཤད་དོ། །འདི་དག་ཀྱང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་གསུངས་པར་བཤད་དོ། །རྒྱས་པར་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་བརྒྱད་པའི་སྤྱི་དོན་ལས་ཤེས་པར་བྱའོ། །
|