11950

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐོར་བ་བྱེད་པའི་ཕན་ཡོན
Tibetan Definition མཆོད་རྟེན་སོགས་གནས་ཁྱད་པར་ཅན་ལ་སྐོར་བ་བྱེད་པའི་ཕན་ཡོན་ནི། སྟོན་པ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་ཀྱི་ཚུལ་དུ་འདི་ལྟར་གསུངས་ཏེ། འདུལ་བ་ལུང་ཕྲན་ཚེགས་ལས། དགེ་སློང་དག ང་འདས་པའི་འོག་ཏུ་གནས་བཞི་པོ་འདི་དག་ནི་རིགས་ཀྱི་བུ་དང་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་འགྲོ་བར་བྱ་ཞིང༌། དྲན་པར་འགྱུར་བར་བྱའོ། །བཞི་གང་ཞེ་ན། འདིར་༼ལུམྦི་ནི༽ནི་བཅོམ་ལྡན་འདས་འཁྲུངས་སོ། །འདིར་༼རྡོ་རྗེ་གདན༽ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་སོ། །འདིར་༼ཝཱ་རཱ་ཎ་སཱི༽ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་བསྐོར་ཏོ། །འདིར་༼རྩྭ་མཆོག་གྲོང༽ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དགེ་སློང་དག་ང་འདས་པའི་འོག་ཏུ་འདིར་མཆོད་རྟེན་བསྐོར་བ་དང༌། མཆོད་རྟེན་ལ་ཕྱག་འཚལ་བ་དང་དག་འོང་གི། དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཞེས་པ་ནས་ང་ལ་དད་པས་དུས་བྱས་པ་དེ་ཐམས་ཅད་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོའོ། །སོགས་རྒྱས་པར་གསུངས་སོ། །གཞན་ཡང༌། རྟོག་གེ་འབར་བར་མདོ་དྲངས་པ་ལས་ཀྱང༌། གནས་བཞི་པོ་འདི་དག་བསྐོར་བས་མཚམས་མེད་པའི་སྡིག་པ་ཡང་འབྱང་བར་གསུངས་སོ། །ཞེས་འབྱུང་ངོ༌། །«འཕགས་པ་སྤྱན་རས་གཟིགས་ཀྱི་མདོ»མདོ་སྡེ་༼ ཙ་པ ༽ ༢༥༡ན༦ལས། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར།།བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་སྐོར་བ་བྱེད་པ་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར། །མཆོད་རྟེན་སྐོར་བ་བྱས་ན་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར། །ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤོང་། །སངས་རྒྱས་འབྱུང་བ་རབ་མཛེས་པ། །མཉེས་པར་བྱེད་འདི་དལ་བ་གཅིག །མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས།། མཚན་གྱིས་ལེགས་པར་བརྒྱན་པ་དང་། །མཐུ་དང་སྟོབས་དང་ལྡན་པར་འགྱུར།།ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར། །བསོད་ནམས་ལྡན་ཞིང་རྫི་བ་མེད། །འཇིག་རྟེན་སྒྲོན་མ་མཉེས་བྱས་ནས། །ཡང་དང་ཡང་དུ་བསྟི་སྟང་བྱེད། །བདག་མེད་སྟོང་པའི་ཆོས་ཐོས་ན། །དེ་ནི་ཆོས་ལ་རྨོངས་མི་འགྱུར། །མྱུར་དུ་དད་པ་འཐོབ་འགྱུར་ཞིང་། །ཆོས་དོན་ཇི་བཞིན་མཁས་པར་འགྱུར། །ཚོང་དཔོན་ཁྱིམ་དང་རྒྱས་པ་དང་། །ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། །གཏོང་བ་བཏང་ཞིང་སེར་སྣ་མེད། །འཛམ་བུ་གླིང་ན་གང་ཡང་རུང་། །ཁྱད་པར་ཅན་གྱི་རིགས་མཛེས་པ། །དེར་ནི་བསྟན་པ་དེ་སྐྱེ་སྟེ། །དམའ་བ་དག་ནས་རྣམ་པར་སྤངས། །མཆོད་རྟེན་སྐོར་བ་བྱས་ན་ནི། །སྐྱེ་བ་ཐམས་ཅད་ཀུན་ཏུ་ཡང་། །དབང་ཆེར་གྲགས་པའི་ཁྱིམ་བདག་དང་། །དཔལ་དང་གཟི་བརྗིད་ལྡན་པར་འགྱུར། །བྲམ་ཟེ་སཱ་ལ་ཆེ་འདྲ་དང་། །ཚུལ་ཁྲིམས་ལྡན་ཞིང་མང་ཐོས་དང་། །རྒྱལ་རིགས་སཱ་ལ་ཆེ་འདྲ་དང་། །ཕྱུག་ཅིང་ནོར་ཆེར་ལྡན་པར་འགྱུར། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་སྨོན་པ། །གླིང་བཞི་དག་གི་དབང་ཕྱུག་བླ། །རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་བསྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དད། །ལྷུན་པོའི་ཟིལ་གྱི་དབང་ཕྱུག་པོ། །ལྷ་ཡི་དབང་པོ་བརྒྱ་བྱིན་འགྱུར། །ལྷ་དབང་ཤིན་ཏུ་འཐབ་བྲལ་དང་། །དེ་བཞིན་དུ་ནི་དགའ་ལྡན་དང་། །ལྷ་དབང་ཤིན་ཏུ་འཕྲུལ་དགའ་དང་། དབང་སྒྱུར་འཇིགས་པ་མེད་པར་འགྱུར། །མཆོད་རྟེན་སྐོར་བ་བྱས་ན་ནི། །དེ་ནི་ཚངས་པའི་འཇིག་རྟེན་དུ། །ཚངས་པའི་དབང་ཕྱུག་མཁས་འགྱུར་ཞིང་། །ལྷ་རྣམས་བྱེ་བས་མཆོད་པར་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་སྐོར་བ་བྱས་པ་ཡི། །བསྔགས་པ་བསྐལ་བ་བྱེ་བར་ཡང་། །བརྗོད་པས་ཟད་པར་བྱ་མི་ནུས། །སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། །སྟོན་པའི་མཆོད་རྟེན་ཕྱག་འཚལ་བ། །དེ་ནི་བསྐལ་བ་བྱེ་བར་ཡང་། །ནམ་ཡང་ལོང་ཞིང་ཐེངས་མི་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མངོན་དུ་སྐོར་བ་བྱེད་པ་ནི། །བུང་བ་སྔོན་པོ་མཛེས་འདྲ་ཡི། །རྣམ་པར་དག་པའི་མིག་འཐོབ་འགྱུར། །མཆོད་རྟེན་སྐོར་བ་བྱས་ན་ནི། །དེ་ནི་ངེས་པར་རྟག་ཏུ་ཡང་།། མཐུན་པའི་དོན་ཀུན་འཐོབ་འགྱུར་ཞིང་། །དོན་མིན་རྣམས་ནི་སྤང་བར་འགྱུར།། མཆོད་རྟེན་སྐོར་བ་བྱས་ན་ནི། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །དེ་ནི་ལེ་ལོ་མེད་འགྱུར་ཞིང་། །རྟག་ཏུ་བག་ཡོད་ལྡན་པར་འགྱུར། །མཆོད་རྟེན་སྐོར་བ་བྱས་ན་ནི། །བརྩོན་འགྲུས་བརྟན་ཞིང་མཐུན་བརྟན་ལ། །བརྟན་ཞིང་རྣམ་པར་གནོན་བརྟན་དང་། །དེ་ནི་མྱུར་དུ་མཁས་པར་འགྱུར། །མེ་དང་དུག་དང་མཚོན་གྱིས་དེ། །ནམ་ཡང་འཆི་དུས་བྱེད་མི་འགྱུར། །མཁས་པ་ཚེ་ནི་རྫོགས་རྫོགས་སུ། །ཟད་པར་བྱས་ན་འཆི་དུས་བྱེད། །མཆོད་རྟེན་སྐོར་བ་བྱས་ན་ནི། །ཕོ་བྲང་འཁོར་དང་ཡུལ་འཁོར་དང་། །གྲོང་རྡལ་རྣམས་སུ་ལོངས་སྤྱོད་དང་། །གཟུགས་ཀྱིས་ཁྱད་པར་འཕགས་པར་འགྱུར། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །དེ་ནི་འདོད་པ་མི་བསྟེན་ཞིང་། །ལུས་ཀྱང་གཙང་ལ་གོས་གཙང་ཞིང་། །གཙང་མའི་ཆོས་ལ་གནས་པར་འགྱུར། །ཞེས་གསུངས་པས་དེ་བཞིན་གཤེགས་པའི་བཀའ་མི་བསླུ་བ་ལ་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་པོས་བསྐོར་བ་བྱས་ན་འབྲས་བུ་དེ་དག་ངེས་པར་འབྱུང་ངོ་། །དེ་བཞིན་དུ་«མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ»ཞེས་པའི་མདོ་ལས་ཀྱང་། མཆོད་རྟེན་ལ་ཕྱག་མཆོད་སྐོར་བ་བྱེད་པ་དང་། བསྙེན་བཀུར་བྱེད་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་སོ། །མདོ་འདི་སྡེ་དགེ་སྤར་མའི་མདོ་སྡེ་༼ ས་པ ༽༡༩༨བ༤ན་བཞུགས་སོ། །རྗེ་ཙོང་ཁ་པ་ཆེན་པོའི་བླ་མ་ཆོས་རྗེ་དོན་གྲུབ་རིན་ཆེན་པས། ཞ་ལུར་བྱོན་ནས་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་གནས་ཁྱད་པར་ཅན་ལ་ཞབས་ལ་ཁྲག་རྡོལ་གྱི་བར་དུ་སྐོར་བ་མཛད་པས། མཐར་བློ་གྲོས་ཀྱི་ནུས་པ་མཆོག་ཏུ་གྱུར་ནས། རིགས་པའི་གནས་ལ་ཐོགས་པ་མེད་པར་གྱུར་པའི་ཚུལ། མཁས་གྲུབ་ཆོས་རྗེས་གསུངས་ཏེ། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། ཆོས་རྗེ་དོན་གྲུབ་རིན་ཆེན་པ་ཞེས་གྲགས་པ་དེ་ཉིད་ཡིན་ལ། དེའི་རྣམ་པར་ཐར་པ་ཕྱོགས་མཚོན་ཙམ་ཞིག་ཞར་བྱུང་དུ་བརྗོད་ན། དེའི་འཁྲུངས་ཡུལ་ནི་མདོ་ཁམས་སྨད་ཡིན་ལ། གཞོན་ནུ་ལ་རབ་ཏུ་བྱུང་ཞིང་དབུས་གཙང་དུ་བྱོན། སྙེ་ཐང་པ་བཀྲ་ཤིས་སེངྒེ་སོགས་ལ་ཕར་ཕྱིན་དང་བྱམས་ཆོས་ཐམས་ཅད་མཁས་པར་བསླབས། གཙང་གི་སྣར་ཐང་དུ་བྱོན། བཅོམ་ལྡན་རིགས་རལ་གྱི་བུ་ཆེན། བཅོམ་ལྡན་པ་རང་གི་གདན་ས་པ། ལྡོང་སྟོན་རིགས་པའི་སེངྒེ་ལ་ཚད་མ་རྣམ་ངེས་གསན་སྦྱོང་མཛད། དེའི་ཚེ་རིགས་པའི་གནས་ཀྱི་དགག་སྒྲུབ་ཅུང་ཟད་འཆར་དཀའ་བ་བྱུང་བ་ལ། ཞ་ལུར་བྱོན་ནས་ཐུགས་རྗེ་ཆེན་པོ་རང་བྱོན་གྱི་དྲུང་དུ་གསོལ་བ་དྲག་ཏུ་བཏབ་ཅིང༌། ཞབས་ལ་ཁྲག་རྡོལ་གྱི་བར་དུ་ཉིན་མཚན་དུ་སྐོར་བ་མཛད་པས། བློ་གྲོས་ཀྱི་ནུས་པ་མཆོག་ཏུ་གྱུར་པ་འཁྲུངས་ཏེ། རིགས་པའི་གནས་ལ་ཐོགས་པ་མེད་པར་གྱུར་ནས། རྩོད་པ་བཟང་བའི་མཆོག་ཏུ་གྲགས་པ་བྱུང་། ཞེས་གསུངས་སོ། །སྐོར་བའི་སྔགས་ནི། ན་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་ས་མྱ་ཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ། རཏྣ་བི་ཛ་ཡ་སྭཧཱ། ཡང་ན། ན་མོ་ཤ་དིཀ་ཏྲི་ཀཱ་ལ་སརྦ་རཏྣ་ཏྲ་ཡཱ་ཡ། ན་མཿཔྲ་དཀྵ་སུ་པྲ་དཀྵ་སརྦ་པཱ་པཾ་བི་ཤོ་དྷ་ནི་སྭཧཱ། ཞེས་པ་གཉིས་གང་རུང་འདོན་བཞིན་པས་བསྐོར་ན་འགྱུར་ཆེ་བར་གསུངས། དེ་མིན་ཀྱང་མི་འཁྲུགས་པའི་གཟུངས་དང་མ་ཎི་ལ་སོགས་པ་རང་གི་ཡི་དམ་གྱི་ལྷ་གང་ཡིན་གྱི་སྔགས་སམ་གསོལ་འདེབས་ལ་སོགས་པ་བརྗོད་བཞིན་པས་སྐོར་བ་བྱས་ན་མདོ་ལས་འབྱུང་བའི་ཕན་ཡོན་དེ་དག་དང་། གནས་སྐབས་སུ་ཡང་ནད་དང་གདོན་ལ་སོགས་པའི་འཇིགས་པ་ཆེན་པོ་རྣམས་ལས་ཐར་པ་དང་། རིགས་བརྒྱུད་ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་སོགས་རྒྱས་པ་དང་། ལས་ངན་པའི་སྡིག་སྒྲིབ་དག་པའི་མཚན་མ་བརྟན་པོ་འབྱུང་བ་སོགས་ཕན་ཡོན་མཐའ་ཡས་པ་ཀུན་མངོན་སུམ་དུ་གྲུབ་པས་ཚེགས་ཆུང་ངུས་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཐབས་ཁྱད་པར་ཅན་དེ་ལྟ་བུ་ལ་བརྩོན་པ་བྱ་འཚལ་ལོ། །འདུལ་བ་ལུང་ཕྲན་ཚེགས་དང་། ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་ལ་གཞི་བྱས་ཏེ་བཀོད་དོ། །