From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒོམ
|
Tibetan Definition
|
1 (བྱ་ཚིག) ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་དོན་ལ་ཡང་ཡང་གོམས་འདྲིས་བྱེད་པ་ལ། སྒོམ་ཟེར། སྒོམ་པ། བསྒོམས་པ། བསྒོམ། སྒོམས། སྒོམ་གྱི་ཁྱད་པར་མང་དུ་ཡོད་དེ། རྗེའི་ལམ་རིམ་ཆེན་མོ་ལས། དེས་ན་སྒོམ་ཞེས་པ་ནི། ཕར་ཕྱིན་གྱི་འགྲེལ་བཤད་ཚིག་གསལ་བ་ལས། སྒོམ་པར་བྱེད་པ་ཞེས་བྱ་བ་ནི་ཡིད་དེའི་སྐལ་པ་ཅན་དུ་བྱེད་པའམ་དེའི་དངོས་པོར་བྱེད་པའོ། །ཞེས་བཤད་པ་ལྟར་གོ་བར་བྱ་སྟེ། དཔེར་ན། དད་པ་བསྒོམ་སྙིང་རྗེ་བསྒོམ་ཞེས་པ་ནི་ཡིད་དེ་དང་དེར་བསྐྱེད་པ་ལ་བྱ་དགོས་པ་བཞིན་ནོ། །དེའི་ཕྱིར་ལོ་ཙྪ་བ་ཆེན་པོ་རྣམས་ཀྱིས་ཀྱང་རེས་འགའ་སྒོམ་པའི་ལམ་ཞེས་པར་བསྒྱུར་ལ། རེས་འགའ་ནི་མངོན་རྟོགས་རྒྱན་ལས། མཐོང་དང་གོམས་པའི་ལམ་དག་ལ། །ཞེས་གསུངས་པ་ལྟར་གོམས་པར་བསྒྱུར་ཏེ་སྒོམ་པ་དང་གོམས་པ་གཉིས་དོན་གཅིག་གོ། གཞན་ཡང་རྗེ་བཙུན་བྱམས་པས། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་ཐེག་ཆེན་འཕགས་པའི་སྒོམ་ལམ་ཡིན་པས་ཡང་ཡང་སེམས་པ་དང་འཇལ་བ་དང་ངེས་པར་རྟོག་པ་ཡོད་པར་གསུངས་པ་ལ་དཔྱད་ནས་སྐྱོང་བ་དང་སྒོམ་གཉིས་འགལ་བར་འདོད་པ་ནི་བཞད་གད་ཀྱི་གནས་སོ། །དེ་ལྟར་ན་དད་པ་བསྒོམ་པ་དང་ཚད་མེད་བཞི་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་མི་རྟག་པ་དང་སྡུག་བསྔལ་བསྒོམ་པ་ཞེས་གསུངས་པ་ལྟ་བུ་ཡང་དང་ཡང་དུ་དཔྱད་ནས་སྐྱོང་དགོས་པ་ལ་སྒོམ་དུ་གསུངས་པ་མཐའ་ཡས་པ་ཞིག་སྣང་སྟེ། སྤྱོད་འཇུག་དང་བསླབ་བཏུས་ལས། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །ཞེས་གཞུང་དེ་གཉིས་སུ་བཤད་པའི་ལམ་གྱི་རིམ་པ་ཐམས་ཅད་སྒོམ་དུ་གསུངས་པ་དང༌། བསླབ་བཏུས་ལས། དེ་ལྟ་བས་ན་ལུས་དང་ལོངས་སྤྱོད་དང་བསོད་ནམས་རྒྱུན་མི་འཆད་པར་བཏང་བ་དང་བསྲུང་བ་དང་དག་པ་དང་སྤེལ་བ་ཅི་རིགས་པར་བསྒོམ་པར་བྱའོ། །ཞེས་ལུས་ལོངས་སྤྱོད་དགེ་རྩ་གསུམ་རེ་རེ་ལ་བཏང་བསྲུང་དག་སྤེལ་བཞི་བཞི་བྱེད་པ་ཐམས་ཅད་སྒོམ་དུ་གསུངས་པའི་ཕྱིར་སྒོམ་ཞེས་པ་དེ་རྒྱ་ཆུང་ཆུང་ཞིག་ལ་མི་བཟུང་ངོ་། །ཞེས་གསུངས། སྒོམ་གྱི་དགོས་པ་ནི། རྗེའི་ལམ་རིམ་ཆེན་མོ་ལས། སྒོམ་ཞེས་གྲགས་པ་སེམས་དགེ་བའི་དམིགས་པ་ལ་ཡང་དང་ཡང་དུ་གཏོད་པའི་དམིགས་རྣམ་སྐྱོང་བ་འདི་ནི་ཐོག་མ་མེད་པ་ནས་རང་སེམས་ཀྱི་དབང་དུ་གྱུར་ཅིང་སེམས་རང་གི་དབང་དུ་མ་གྱུར་ལ། སེམས་ཀྱང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་རྣམས་ལ་རྗེས་སུ་ཕྱོགས་པས་ཉེས་སྐྱོན་ཐམས་ཅད་སྐྱེད་པར་བྱེད་པའི་སེམས་འདི་རང་གི་དབང་དུ་འགྱུར་བར་བྱས་ནས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་བཀོལ་དུ་རུང་བར་བྱེད་པའི་ཆེད་ཡིན་ནོ། །ཞེས་གསུངས་སོ། །སྒོམ་པ་དང་གོམས་པ་གཉིས་དོན་གཅིག་ཡིན་པར་རྗེའི་ལམ་རིམ་ཆེན་མོར་གསུངས། སྒོམ་ལ་བྱ་བ་དང་མིང་གི་ཆ་གཉིས་ཡོད་དེ། ཡིད་ལ་སྒོམ་ཞེས་པ་ལྟ་བུ་བྱ་ཚིག་དང་། དཔྱད་སྒོམ། འཇོག་སྒོམ། ཐོས་བསམ་སྒོམ་གསུམ་ཞེས་པ་ལྟ་བུའི་མིང་ཚིག་ཡིན། སྤྱིར་བཏང་སྒོམ་ལ། དཔྱད་སྒོམ་དང་། འཇོག་སྒོམ་གཉིས་ཡོད། དཔྱད་སྒོམ་ནི། ལུང་རིགས་དཔེ་དང་གཏན་ཚིགས་སོགས་མང་པོ་བསམས་ནས་སྒོམ་པ་ལ་ཟེར། དེ་ཤེས་རབ་བམ་ལྷག་མཐོང་གི་ཕྱོགས་སུ་བསྡུ། འཇོག་སྒོམ་ནི། དཔྱད་སྒོམ་གྱིས་གཏན་ལ་ཕབ་པའི་དོན་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་འཇོག་པ་ལ་ཟེར། དེ་ནི་ཏིང་ངེ་འཛིན་ནམ་ཞི་གནས་ཀྱི་ཕྱོགས་སུ་བསྡུ། ཡང་སྒོམ་ལ། དམིགས་ཡུལ་དུ་བྱས་ནས་སྒོམ་པ་དང་། དད་པ་དང་སྙིང་རྗེ་སྒོམ་པ་ལྟ་བུ་བློ་དེ་དང་དེའི་ངོ་བོར་བསྐྱེད་ནས་སྒོམ་པ་གཉིས་ཡོད། མཁས་གྲུབ་ཆོས་རྗེའི་རྟོགས་པ་དང་ལྡན་པ་དག་ལ་གཏམ་དུ་བྱ་བ་གཟུགས་བརྙན་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་གསུང་ཐོར་བུའི་༤༥ན༡ལས། འཁོར་བ་རྩ་བ་བདག་འཛིན་ལྷན་སྐྱེས་དང་། །དངོས་སུ་འགལ་བའི་བདག་མེད་མི་བསྒོམ་པར། །དུས་གསུམ་ཡིད་བྱེད་འགོག་པ་ལྷུར་ལེན་པ། །དུད་འགྲོའི་སྒྲུབ་ཐབས་སྒོམ་གྱི་གཟུགས་བརྙན་ཡིན། །ཞེས་གསུངས་སོ། །
|