From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྱུ་ལུས
|
Tibetan Definition
|
1 (དགེ་ལུགས) སེམས་དབེན་མཐར་ཐུག་དཔེའི་འོད་གསལ་ལས་རླུང་ཅུང་ཟད་གཡོས་ཏེ་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་དུས་མཉམ་དུ། སེམས་དབེན་མཐར་ཐུག་དཔེའི་འོད་གསལ་གྱི་ལྷན་ཅིག་བྱེད་རྐྱེན་དང་དེའི་བཞོན་པར་གྱུར་པའི་གཉུག་རླུང་གིས་ཉེར་ལེན་བྱས་ནས་མཚན་དཔེའི་སྤྲས་པའི་ལྷའི་སྐུ་དངོས་གནས་ལ་གྲུབ་པ་ནས་བཟུང་སྟེ། དོན་གྱི་འོད་གསལ་གྱི་ཉེ་བའི་རྒྱུ་རྣམས་མ་སྐྱེས་ཚུན་ཆད་ཀྱི་རྫོགས་རིམ་ནི། སྒྱུ་ལུས་ཀྱི་རིམ་པའི་མཚན་ཉིད་དོ། །ཡང་རྗེ་ཤེས་རབ་རྒྱ་མཚོའི་གསང་འདུས་རྫོགས་རིམ་མི་བསྐྱོད་ཞལ་གྱི་བདུད་རྩི་༣༡བ་ལས། སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་ལས་ལྡང་བར་རྩོམ་པ་ན་འོད་གསལ་དེའི་བཞོན་པའི་རླུང་གིས་ཉེར་ལེན་དང་། འོད་གསལ་གྱི་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་ལས་དཔེའི་འོད་གསལ་འགགས་ཏེ་ལུག་ལྡོག་གི་ཉེར་ཐོབ་གྲུབ་པ་དང་ཡིད་ངོ་ཙམ་མ་ཡིན་པར་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ལོངས་སྐུ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་རྟེན་དང་བརྟེན་པར་བཅས་པའི་སྐུར་དངོས་གནས་ལ་བཞེངས་པ་ནི། རིམ་པ་གསུམ་པའི་སྒྱུ་མའི་སྐུ་དང་། ཉོན་མོངས་མ་སྤངས་པས་མ་དག་པའི་སྒྱུ་ལུས་དང་། བར་དོ་ཁེགས་ཏེ་ལོངས་སྐུའི་བསྲེ་བ་དངོས་སུ་གྲུབ་པས་ལམ་དུས་ཀྱི་ལོངས་སྐུ་དང་། ཡེ་ཤེས་ཀྱི་སྐུ་མཚན་ཉིད་པ་དང་། རྡོ་རྗེའི་སྐུ་རྗེས་མཐུན་པའོ། །ཞེས་གསུངས་སོ། །རྗེའི་སྔགས་རིམ་ཆེན་མོ་ལས། སྒྱུ་ལུས་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་སྒོ་ནས་གང་སྣང་སྒྱུ་མར་འཆར་བ་ལ་མི་བྱེད་ཀྱི་སྟོང་པ་གསུམ་གྱི་ཡེ་ཤེས་མངོན་དུ་བྱས་པས་མཐུས་རྣལ་འབྱོར་པའི་ལུས་དེ་སྒྱུ་མའི་ལུས་སུ་སོང་བ་ཅིག་ཡིན་ཏེ་གསང་འདུས་ལས་ཤེས་དགོས་སོ། །ཞེས་དང་། སྒྱུ་ལུས་ནི་སྟོང་པ་གསུམ་གྱི་མཐར་ལུགས་བཟློག་ཏུ་ཤར་བའི་སེམས་གསུམ་རླུང་དང་བཅས་པའི་རླུང་སེམས་ཙམ་ལས་རང་ཉིད་རྡོ་རྗེ་སེམས་དཔར་ཤར་བའི་སྐུ་ཡིན་ཏེ་རིམ་ལྔ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང༌། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཅེས་གསུངས་སོ། །ཞེས་གསུངས། འདིའི་སྐོར་ཞིབ་པར་སྔགས་རིམ་ཆེན་མོ་༤༤༥སོགས་རྗེའི་གསུང་རྣམས་སུ་གསལ་བས་དེར་གཟིགས། དབང་ཕྱུག་དགྱེས་རབ་རྡོ་རྗེའི་«སྔགས་ཀྱི་ས་ལམ་གྱི་རྣམ་གཞག་ཟུང་འཇུག་རིན་ཆེན་འདྲེན་པའི་ཤིང་རྟ»༢༠བ༥ལས། རང་གི་བསྒྲུབ་གཞི་སེམས་དབེན་དཔེའི་འོད་གསལ་མཐར་ཐུག་གིས་ལྷན་ཅིག་བྱེད་རྐྱེན་དང་། འོད་གསལ་དེའི་བཞོན་པའི་རླུང་འོད་ཟེར་ལྔ་པའི་ཉེར་ལེན་ལས་བྱུང་བ་གང་ཞིག རྣམ་སྨིན་གྱི་ལུས་རགས་པ་ལས་གོ་ས་ལོགས་སུ་དངོས་གནས་ལ་གྲུབ་པའི་མཚན་དཔེས་སྤྲས་པའི་གཟུགས་སྐུ་དེ་མ་དག་པའི་སྒྱུ་ལུས་ཀྱི་མཚན་ཉིད། དེ་དང་རིམ་པ་གསུམ་པའི་སྒྱུ་ལུས་དོན་གཅིག སྒྱུ་ལུས་ཀྱི་ཡུན་ཚད་ནི། རིམ་པ་བཞི་པའི་དོན་གྱི་འོད་གསལ་ཐོབ་ཀྱི་བར་དུ་ནི། མཉམ་རྗེས་གང་ལ་རྒྱུན་ཆད་པར་མེད་ཅིང་། འོད་གསལ་དེ་ཉིད་མངོན་དུ་གྱུར་པ་ན། དེ་དང་དུས་མཉམ་དུ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དག་སྟེ། རིགས་འདྲའི་རྒྱུན་འཆད་མེད་པར་གསུངས་སོ། །ཞེས་གསུངས། སྒྱུར་ལུས་ཐོབ་ན་རྣལ་འབྱོར་པ་དེ་ཚེ་དེ་ཉིད་ལ་འཚང་ངེས་པར་རྒྱ་སྟེ། རིམ་ལྔ་གསལ་སྒྲོན་ལས། རིམ་པ་གསུམ་པ་ལས། སྒྱུ་ལུས་ཐོབ་ན་ཚེ་དེ་ཉིད་ལ་ངེས་པར་འཚང་རྒྱ་བར་གསུངས་ཤིང༌། རིམ་པ་གཉིས་པ་ལས་ཀྱང༌། མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ཉེ་བར་འགྲོ༌། །སངས་རྒྱས་ཞིང་ན་མི་ལྡོག་པས། །ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན། །ཞེས་རིམ་པ་བཞི་པ་ཐོབ་ན་ཚེ་འདི་ཉིད་ཀྱིས་འཚང་རྒྱ་བར་གསུངས་པས། བར་དོར་འཚང་རྒྱ་བས་སྒྱུ་ལུས་དང་འོད་གསལ་ཐོབ་པ་མ་ཡིན་ནོ། །ཞེས་གསུངས་སོ། །
|