1221

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟིགས་པ་བཞི
Tibetan Definition (འདུལ་བ) རྒྱ་ཆེར་རོལ་པའི་མདོ་ལས་གཟིགས་པ་བཞིའམ་ “རྣམ་པར་བལྟ་བ་ཆེན་པོ་བཞི” ཅེས་གསུངས་ཏེ། དེ་བཞི་ནི། དུས། གླིང་། ཡུལ། རིགས་དང་བཞིའོ། །དུས་ནི། སྙིགས་མ་ལྔ་བདོའི་དུས་སམ་རྩོད་དུས་སོ། །གླིང་ནི། འཛམ་བུའི་གླིང་ངོ་། །ཡུལ་ནི། དབུས་ཏེ་ “ཀཔིལ་བསྟུ” སེར་སྐྱའི་གྲོང་ཁྱེར་དང་ཉེ་བ་ནའོ། །རིགས་ནི། རྒྱལ་རིགས་སམ་བྲམ་ཟེའི་རིགས་དང་བཞིའོ། །རྒྱ་ཆེར་རོལ་པའི་མདོ་ལས། དེ་ལྟར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་འདུག་པ་ནི་རྣམ་པར་བལྟ་པ་ཆེན་པོ་བཞི་ལ་རྣམ་བར་ལྟ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དུས་ལ་རྣམ་པར་ལྟ་བ་དང༌། གླིང་ལ་རྣམ་པ་ལྟ་བ་དང༌། ཡུལ་ལ་རྣམ་པར་ལྟ་བ་དང༌། རིགས་ལ་རྣམ་པ་ལྟ་པའོ། །དགེ་སློང་དག (དུས་ལ་གཟིགས་པ) ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དུས་རྣམ་པར་བལྟ་བ་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཐོག་མའི་དུས་སེམས་ཅན་འདུ་བའི་ཚེ་མའི་མངལ་དུ་མི་འཇུག་གི། གང་གི་ཚེ་འཇིག་རྟེན་གསལ་བར་ཀུན་ནས་གནས་པར་གྱུར་ཏེ། སྐྱེ་བ་སྣང་བར་གྱུར། རྒ་བ་སྣང་བར་གྱུར། ན་སྣང་བར་གྱུར། འཆི་བ་སྣང་བར་གྱུར་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་མའི་མངལ་དུ་འཇུག་གོ། དགེ་སློང་དག (གླིང་ལ་གཟིགས་པ) ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་གླིང་རྣམ་པར་བལྟ་བ་ལ་རྣམ་བར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཐའ་འཁོབ་ཀྱི་གླིང་དུ་མི་སྐྱེ། ཤར་གྱི་ལུས་འཕགས་པོར་མི་སྐྱེ། ནུབ་ཀྱི་བ་ལང་སྤྱོད་དུ་མི་སྐྱེ། བྱང་གི་སྒྲ་མི་སྙན་དུ་མི་སྐྱེའོ། །ལྷོའི་འཛམ་བུ་གླིང་ཉིད་དུ་སྐྱེའོ། །དགེ་སློང་དག (ཡུལ་ལ་གཟིགས་པ) ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཡུལ་རྣམ་པར་བལྟ་བ་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཐའ་འཁོབ་ཀྱི་ཡུལ་གང་ན་མི་རྣམས་དབང་པོ་རྟུལ་ཞིང་བླུན་ལ་ལུག་ལྟར་ལྐུགས་པའི་རང་བཞིན་ཅན་ལེགས་པར་བསྟན་པ་དང༌། ཉེས་པར་བསྟན་པའི་དོན་ཤེས་པར་བྱ་བའི་སྐལ་བ་མེད་པ་དག་ཡོད་པ་དག་ཏུ་མི་སྐྱེའི། བྱང་ཆུབ་སེམས་དཔའ་ནི་ཡུལ་གྱི་དབུས་ཉིད་དུ་སྐྱེའོ། །དགེ་སློང་དག (རིགས་ལ་གཟིགས་པ) ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རིགས་རྣམ་པར་བལྟ་བ་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་རིགས་དམའ་བ་གདོལ་པའི་རིགས་སམ། སྨྱིག་མ་མཁན་གྱི་རིགས་སམ། ཤིང་རྟ་མཁན་གྱི་རིགས་སམ། གཡུང་རིགས་སུ་མི་སྐྱེའི། བྲམ་ཟེའི་རིགས་སམ། རྒྱལ་རིགས་ཁོ་ན་སྟེ། རིགས་གཉིས་སུ་སྐྱེའོ། །དེ་ལ་གང་གི་ཚེ་བྲམ་ཟེའི་རིགས་བཙུན་པར་བྱ་བ་དེའི་ཚེ་བྲམ་ཟེའི་རིགས་སུ་སྐྱེའོ། །གང་གི་ཚེ་རྒྱལ་རིགས་བཙུན་པར་བྱ་བ་དེའི་ཚེ་རྒྱལ་རིགས་སུ་སྐྱེ་སྟེ། དགེ་སློང་དག ད་ལྟར་ནི་རྒྱལ་རིགས་བཙུན་པར་བྱ་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྒྱལ་རིགས་སུ་སྐྱེ་སྟེ། དགེ་སློང་དག དོན་གྱི་དབང་དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་གནས་པ་རྣམ་པར་བལྟ་བ་ཆེན་པོ་བཞི་ལ་རྣམ་པར་ལྟ་སྟེ། དེ་ལྟར་བལྟས་ནས་ཅང་མི་ཟེར་བར་གྱུར་ཏོ། །ཞེས་གསུངས། གོང་གི་གོར་རྟགས་ཀྱི་ནང་གི་གཟིགས་པ་བཞིའི་མཆན་བུ་དེ་དག་ཁོ་བས་བཏབ་བོ། །