From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཟིགས་པ་ལྔ
|
Tibetan Definition
|
(འདུལ་བ) ལྷ་ཡི་བུ་དམ་པ་ཏོག་དཀར་པོ་གདུལ་བྱའི་དོན་དུ་འཛམ་བུའི་གླིང་དུ་རྒྱལ་པོ་ཟས་གཙང་གི་བཙུན་མོ་དམ་པ་སྒྱུ་མ་ལྷ་མཛེས་ཀྱི་མངལ་དུ་སྐྱེ་བ་ལེན་པར་རྩོམ་པའི་ཚེ་བརྟག་དཔྱད་རྣམ་པ་ལྔ་མཛད་པ་སྟེ། རིགས། རུས། ཡུལ། ཡུམ། དུས་ལ་གཟིགས་པ་དང་ལྔའོ། །དེ་ཡང་རིགས་ནི་རྒྱལ་རིགས། རུས་བུ་རམ་ཤིང་པ་ཤཱཀྱའི་རྒྱུད། ཡུལ་ནི་ཡུལ་དབུས། ཡུམ་སྒྱུ་མ་ལྷ་མཛེས། དུས་སྙིགས་མ་ལྔ་བདོའམ་རྩོད་དུས་བཅས་སོ། །གཟིགས་པ་ནི་འདིར་བརྟག་དཔྱད་བྱེད་པའི་དོན་ཏེ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༡༢བ༡ལས། གཟིགས་པ་ཞེས་བྱ་བ་ནི་རྟོག་པའོ། །ཞེས་གསུངས་སོ། །འདུལ་བ་གཞིི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། གཟིགས་པ་ལྔ་པོ་དག་ལ་ཞེས་བྱ་བ་ནི་བརྟག་པའི་གནས་ལྔ་པོ་དག་སྟེ། ཞེས་གསུངས་པ་ལྟར་རོ། །རྒྱ་ཆེར་རོལ་པའི་མདོ་ལས་གཟིགས་པ་བཞིའམ་ “རྣམ་པར་བལྟ་བ་ཆེན་པོ་བཞི” ཅེས་ཐ་སྙད་གསུངས་ཡོད། རྣམ་པར་བལྟ་བ་བཞི་ནི། དུས། གླིང་། ཡུལ། རིགས་དང་བཞིའོ། །དུས་ནི། སྙིགས་མ་ལྔ་བདོའི་དུས་སམ། རྩོད་དུས། གླིང་ནི། འཛམ་བུའི་གླིང་། ཡུལ་ནི་ཡུལ་དབུས། རིགས་ནི། རྒྱལ་རིགས་སམ་བྲམ་ཟེའི་རིགས་དང་བཞིར་གསུངས་སོ། །རྒྱས་པར་གཟིགས་པ་བཞི་ཞེས་པའི་ཐད་དུ་གཟིགས།
|