From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྲ་གཅན་འཛིན་བཟང་པོ
|
Tibetan Definition
|
འདི་ལ་གང་ཟག་མི་འདྲ་བ་གསུམ་བྱུང་སྟེ། 1 སློབ་དཔོན་ཀླུ་སྒྲུབ་ཀྱི་བླ་མ་སྒྲ་གཅན་འཛིན་བཟང་པོའམ། མཚན་གཞན་ས་ར་ཧ་ཞེས་བྱ་བ་ནི། དེའི་ཚེ་ཡུལ་རཱ་ཌའི་བྲམ་ཟེ་གཅིག་ལ་སྲས་བྲམ་ཟེ་བཞི་ཡོད་དེ། དེ་དག་གཞོན་ནུའི་དུས་ན་སྒྲའི་བསྟན་བཅོས་ལ་སོགས་པ་རིག་པའི་གནས་རྣམས་ལ་ལེགས་པར་སྦྱངས་ནས། ཕྱིས་བསྟན་པ་ལ་དད་པར་གྱུར་པ་དང་། དེའི་ནང་ནས་གཅིག། སྲས་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་སྟེ། མཚན་ཡང་སྒྲ་གཅན་འཛིན་བཟང་པོར་བཏགས་སོ། །དེས་ཕྱི་མཚན་ཉིད་ཀྱི་སྡེ་སྣོད་ལ་ལེགས་པར་སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏོ། །དཔལ་བི་ཀྲ་མ་ཤཱི་ལཱི་གཙུག་ལག་ཁང་གི་མཁན་པོ་མཛད་དེ། བསྟན་པའི་བྱ་བ་རྒྱ་ཆེར་མཛད་པ་དང་། རྒྱལ་པོ་བི་སུ་ཀལྤ་ལ་མཁའ་འགྲོ་མས་གནང་བའི་གསང་སྔགས་ཀྱི་ཆོས་ཡོད་པ་ཐོས་ནས་དད་ནས། དེའི་དྲུང་དུ་སོང་སྟེ། མཎྜལ་སྔོན་དུ་འགྲོ་བས། གུས་པས་གསོལ་བ་བཏབ་པས། དེས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་བཅུག་སྟེ། དབང་བསྐུར་རྒྱུད་བཤད། གདམས་པ་དང་རྗེས་སུ་བསྟན་པ་མཐའ་དག་གནང་ངོ་། །དེས་ཀྱང་དེའི་དོན་ཉམས་སུ་བླངས་པས་བསྐྱེད་རྫོགས་ཀྱི་དོན་ལ་བརྟན་པ་ཅུང་ཟད་ཐོབ་པ་དང་། མཐར་ཕྱིན་པར་བྱ་བའི་ཕྱིར། རབ་བྱུང་གི་ཆ་ལུགས་སྦས་ཏེ། སྤྱོད་པ་ལ་གཤེགས་སོ། །དེའི་ཚེ་མདའ་འཕེན་པའི་སྤྱོད་པ་མཛད་དེ། མདའ་ལེགས་པར་བསྲངས་ནས་གནད་དུ་ཕོགས་པ་བཞིན་དུ་སེམས་ཉིད་གནས་ལུགས་ཀྱི་སྟེང་དུ་བསྲོངས་ན་གྲོལ་བར་རྟོགས་ནས། རྟོགས་པ་དང་མཆོག་བརྙེས་སོ། །དེའི་ཚེ་ས་ར་ཧ་སྟེ་མདའ་བསྣུན་ཞེས་གྲགས་ལ། དེའི་རང་གི་རྟོགས་དོན་གླུ་རུ་བླངས་པ་དོ་ཧ་མཛད་དོ། །ཞེས་གྲགས་པའི་རྨང་དོ་ཧ་སྐོར་གསུམ་མཛད་ཅེས་གྲགས་ཀྱང་། རྒྱལ་པོ་དོ་ཧ་དང་། བཙུན་མོ་དོ་ཧ་ནི་བལ་པོ་ཞིག་གིས་ཁ་གཡར་ནས་བྱས་ཞེས་བལ་པོ་ན་གྲགས་གསུང་ངོ་། །མཐར་དཔལ་གྱི་རི་ལ་གཤེགས་ཏེ། ལོ་སུམ་སྟོང་བཞི་བརྒྱ་བཞུགས་ནས་སྐལ་ལྡན་གྱི་དོན་མཛད་ཅེས་གྲགས་སོ། །ཞེས་བུ་སྟོན་གསང་འདུས་ཆོས་འབྱུང་ལས་གསུངས་སོ། །འདི་ཀླུ་སྒྲུབ་ཀྱི་བླ་མ་ཡིན་པ་ནི། རྗེའི་རིམ་ལྔ་གསལ་སྒྲོན་ལས། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ས་ར་ཧས་ཀླུ་སྒྲུབ་ལ་བཤད་ཅིང་། ཞེས་གསུངས་སོ། །འདི་སྐོར་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་༧༤ན་ཡང་གསལ་ལོ། ། 2 སློབ་དཔོན་ཨཱརྱ་དེ་ཝའི་སློབ་པ་སྒྲ་གཅན་འཛིན་བཟང་པོ། འདིའི་ལོ་རྒྱུས་མདོར་བསྡུས་ཤིག་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་༡༠༠ན་གསལ་ཞིང་། རྒྱས་པ་སྒྲོལ་མའི་ལོ་རྒྱུས་སུ་བཤད་ཟིན་གསུང་ངོ་། ། 3 བདག་ཅག་གི་སྟོན་པའི་སྲས་སྒྲ་གཅན་འཛིན་ལའང་། སྒྲ་གཅན་འཛིན་བཟང་པོ་ཟེར་རོ། །འདི་སྐོར་འདུལ་བ་ལུང་གཞི་༼ ང་པར ༽གསལ། འདིའི་སྐོར་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་༢༢༦ནའང་གསལ་ལོ། །
|