From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྲ་སྒྱུར
|
Tibetan Definition
|
1 འདི་ལ་ཐད་སྒྱུར་དང་། དྲང་ཐད་དུ་བསྒྱུར་པ། སྒྲ་བཞིན་དུ་བསྒྱུར་པ་ཞེས་ཀྱང་བྱ། དཔེར་ན་བསིལ་ཐོབ་ཅེས་པ་ལེགས་སྦྱར་གྱི་ཤཱི་ལ་ཐད་སྒྱུར་དང་། ཚུལ་ཁྲིམས་ནི་དེའི་དོན་སྒྱུར་ཡིན་པ་ལྟ་བུ། མཚོ་ཊཱིཀ་ལ་གཞི་བྱས་ཏེ་བཀོད། གཞིས་ལུས་ཀྱི་མཁས་པ་ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་གིས། སྒྲ་སྒྱུར་ཞེས་པ་ནི་དངོས་པོ་གང་ཡང་རུང་བའི་མིང་དེ་མི་རིགས་གཞན་གྱི་སྐད་ཡིག་གི་སྒྲ་བཞིན་བོད་ཡིག་ཏུ་ཕབ་པ་དེ་ཡིན། སྤྱིར་བཏང་བྱས་ན་དེ་ནི་ཅུང་ཟད་ལས་སླ་བ་ཡིན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ལ་མིང་དེ་ཐོག་མར་རྒྱལ་ཁབ་བམ་མི་རིགས་སུའི་སྐད་ཡིག་ཡིན་པ་ཤེས་དགོས། སྤྱིར་ན་མཚན་རིག་དང་འབྲེལ་བའི་མིང་ཕལ་མོ་ཆེ་ཞིག་ཐོག་མར་དབྱིན་སྐད་དང་དབྱིན་ཡིག་ལས་བྱུང་བ་མང་བས་ད་ལྟ་དབྱིན་སྐད་དང་དབྱིན་ཡིག་ལ་འཛམ་གླིང་སྤྱིའི་སྐད་ཡིག་ཅེས་པའི་ཐ་སྙད་ཀྱང་ཡོད་པ་རེད། དེ་མིན་རྒྱའི་སྐད་ཡིག་ཀྱང་ཕུན་སུམ་ཚོགས་པ་ཡོད་པ་དེ་རྒྱ་རིགས་ཀྱི་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་སྔར་ནས་ད་བར་རྒྱུན་མི་འཆད་པར་དོན་སྒྱུར་དང་སྒྲ་སྒྱུར་ཅི་རིགས་བྱས་པའི་ལག་རྗེས་ཡིན། དཔེར་ན་རྒྱ་ཡིག་གི་མིང་ཁ་ཤས་དབྱིན་ཡིག་སོགས་ནས་སྒྲ་སྒྱུར་བྱས་པ་ཡིན་ཚེ་དེ་བོད་སྐད་དུ་སྒྲ་སྒྱུར་བྱེད་སྐབས་ཐོག་མའི་མིང་གི་སྒྲ་ཇི་བཞིན་སྒྱུར་བ་ལས་རྒྱ་ཡིག་གི་སྒྲ་གདངས་ཇི་བཞིན་བོད་ཡིག་ཏུ་བསྒྱུར་ན་ཅུང་བཟང་སྟེ། དབྱིན་ཡིག་སོགས་ཀྱི་མིང་རྒྱ་ཡིག་ཏུ་སྒྱུར་སྐབས་སྒྲ་ཇི་བཞིན་མ་བྱུང་བར་ཟུར་ཆག་ཏུ་གྱུར་པ་ཅུང་མང་བས་ཐོག་མའི་མིང་དེ་ཐད་ཀར་བོད་ཡིག་ཏུ་བསྒྱུར་ན་བོད་ཡིག་ནི་སྒྲ་སྦྱོར་ཡི་གེ་ཡིན་པས་ཇི་མ་ཇི་བཞིན་བསྒྱུར་ཐུབ་ཁྱད་ཆོས་ཡོད་པ་ཡིན། སྤྱིར་སྒྲ་སྒྱུར་བྱེད་རྒྱུ་དེ་ཅུང་ཟད་སྟབས་བདེ་ནའང་ཧ་ཅང་མང་དྲགས་ན་མི་རིགས་རང་གི་སྐད་ཡིག་གི་ཁྱད་ཆོས་རྣམས་ཉམས་ཏེ་གང་ཡིན་འདི་ཡིན་མེད་པའི་སྐད་ཡིག་ཅིག་ཏུ་འགྱུར་ཉེན་ཡོད་ཅིང་། དོན་གྱི་དབང་འདི་གཟིགས་ནས་སྔར་བོད་ཀྱི་ལོ་ཙཱ་བ་བཀའ་དྲིན་ཅན་རྣམ་པས་གཞུང་མང་དེ་ཙམ་ཞིག་བསྒྱུར་པ་ཀུན་བོད་རང་གི་སྐད་ཡིག་ཏུ་དོན་སྒྱུར་བྱས་པ་རྣམས་ད་ལྟ་རང་རེའི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་འདི་ག་ལགས། ཞེས་གསུངས། ཐད་སྒྱུར་ཞེས་པའི་ཐད་དུ་གཟིགས།
|