From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྲ་སྦྱོར་བམ་གཉིས
|
Tibetan Definition
|
རྟའི་ལོ་༼ ལྕགས་རྟའམ་༧༩༠དང་། ཡང་ན་ཆུ་རྟ་༨༠༢གང་རུང་ཞིག་ལ་ཡིན་ནམ་སྙམ ༽ལ། སྒྲ་སྦྱོར་བམ་གཉིས་ལས། ཕོ་བྲང་འོན་ཅང་དོར་བོད་དང་རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ། རྗེ་བློན་མོལ་ནས་རེན་ཟིན་དུ་མཛད་པ་སྐད་གསར་གྱི་མིང་སྔོན་མ་ཐོགས་པ་དང་། གཏན་ལ་མ་ཕབ་པ་ལ་མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས་ཤིང་གཏན་ལ་ཕབ་སྟེ། ལྷ་བཙད་པོ་ཁྲི་ལྡེ་སྲོང་བཙན་གྱིས་བསྐུལ་ནས་བཀས་བཅད་དེ་མི་བཅོས་པར་བཞག་པ་རྫོགས་སོ། །ཞེས་གསུངས་པ་ལྟར་དང་། ཅུང་ཟད་ཞིབ་ཏུ་བཤད་ན། བོད་ཀྱི་རྒྱལ་རབས་༤༠ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་འཇིང་ཡོན་ཕོ་བྲང་འོན་ཅང་དོར་བཞུགས་དུས། ཉི་འོག་གི་མཁན་པོ་ཨཱཙཱརྱཛིནམིཏྲ་སྟེ་རྒྱལ་བའི་བཤེས་གཉེན་དང་། སུརེནྡྲབོདྷི་དང་། ཤཱིལེནྡྲབོདྷི་དང་། དཱན་ཤཱིལ་དང་། བོདྷིམིཏྲ་དང་། བོད་ཀྱི་མཁན་པོ་རཏྣརཀྵིཏ་དང་། དྷརྨཏཱཤཱིལ་དང་། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙཱནསེན་དང་། ཛཡརཀྵིཏ་དང་། མཉྫུ་ཤྲཱི་ཝརྨ་དང་། རཏྣེནྡྲཤཱིལ་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་ཏེ། སྔོན་ཡབ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ། མཁན་ཆེན་ཞི་བ་འཚོ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉ་བཟང་དང་། བློན་ཁྲི་གཞེར་སང་ཤི་དང་། ལོ་ཙཱ་བ་ཛྙཱནདེཝཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨཱནནྡ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱཀརཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་དགོས་པ་རྣམས་བཅོས། སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་འབྱུང་བ་དང་། གནའི་མཁན་པོ་ཆེན་པོ་ནཱགཱརྫུན་དང་། ཝསུབནྡྷུ་ལ་སོགས་པས་ཇི་ལྟར་བཤད་པ་དང་། བྱཱཀརཎའི་སྒྲའི་ལུགས་ལས་ཇི་སྐད་བཤད་པ་དང་ཡང་བསྟུན་ཏེ། མཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས་སོ། །བསྟན་འགྱུར་༼ ཅོ་པ ༽འི་ཤོག་གྲངས་བརྒྱ་དང་སོ་གཅིག་༡༣༡གི་རྒྱབ་གཟིགས་ན་བཞུགས་ལ། དེའི་གོང་དུ་བྱེ་བྲག་རྟོགས་བྱེད་ཆེན་པོ་བཞུགས་སོ། །འདི་ལ་བྱེ་བྲག་ཏུ་རྟོགས་བྱེད་འབྲིང་པོ་དང་། བྱེ་བྲག་ཏུ་རྟོགས་བྱེད་འབྲིང་པོ་སྒྲ་སྦྱོར་བམ་པོ་གཉིས་པ་ཞེས་ཀྱང་བྱའོ། །ཀློག་པའི་ཚེ། སྒྲ་སྦྱོརཿཿབམ་གཉིསཿཿཞེས་བཀླག་དགོས།
|