From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྲིབ་པ་ལྔ
|
Tibetan Definition
|
འདོད་པའི་སས་བསྡུས་ཀྱི་ཉོན་མོངས་ལྔ་སྟེ། ༡ རྒོད་འགྱོད་གཉིས། ༢ གཉིད་རྨུགས་གཉིས། ༣ འདོད་པའི་འདོད་ཆགས། ༤ གནོད་སེམས། ༥ ཐེ་ཚོམ་དང་ལྔའོ། །མདོ་ལས། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་དང་སྒྲིབ་པ་ལྔ། ཞེས་གསུངས་སོ། །མདོའི་ལུང་འདི་མཛོད་རང་འགྲེལ་ན་དྲངས་ཡོད། ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་དེ་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད། །ཅེས་གསུངས། དོགས་གཅོད། སྒྲིབ་པ་ལྔ་བཤད་པ་ན། རྨུགས་གཉིད་གཉིས་དང་། རྒོད་འགྱོད་གཉིས་གཅིག་ཏུ་ཅིའི་ཕྱིར་དྲངས་ཤེ་ན། དེའི་རྒྱུ་མཚན་ནི། སྒྲིབ་པ་དེ་དག་ནི་གཉེན་པོ་གཅིག་པ་དང་། རྒྱུ་གཅིག་པ་དང་། བྱ་བ་གཅིག་པའི་ཕྱིར་རོ། །དེ་ཡང་མཛོད་རྩ་བ་ལས། འདོད་ན་སྒྲིབ་རྣམས་མི་མཐུན་ (གཉེན་པོ) དང༌། །ཟས་ (རྒྱུ) དང་བྱ་བ་གཅིག་པའི་ཕྱིར། །གཉིས་གཅིག་ (ཏུ་བཤད་དོ) ཕུང་པོ་གནོད་བྱེད་དང༌། །ཞེས་གསུངས། རྨུགས་གཉིད་གཉིས་ཡོད་ཀྱང་སྒྲིབ་པ་གཅིག་ཏུ་བཤད་པའི་རྒྱུ་མཚན་ནི། དེ་གཉིས་ཀྱི་གཉེན་པོ་སྣང་བ་འདུ་ཤེས་ཡིན་པ་གཅིག་པ་དང་། དེ་གཉིས་ཀྱི་རྒྱུ་ཡང་གཅིག་པ་ཡིན་ཏེ། རྨྱ་བ་དང༌། མི་དགའ་བ་དང༌། བྱ་རྨྱངས་དང༌། ཁ་ཟས་ཀྱི་དྲོད་མི་ཟིན་པ་དང༌། སེམས་ཞུམ་པ་ཉིད་དེ། དེ་དག་གིས་དེ་གཉིས་རྒྱས་པར་བྱེད་པའི་ཕྱིར་རོ། །བྱ་བ་ནི་སེམས་ཞུམ་པར་བྱེད་པ་ཡང་གཅིག་པའི་ཕྱིར་རོ། །དེ་བཞིན་དུ་རྒོད་འགྱོད་གཉིས་ཀྱང་སྒྲིབ་པ་གཅིག་ཏུ་བཞག་སྟེ། གཉེན་པོ་ནི་ཞི་གནས་ཡིན་པ་གཅིག་པ་དང་། རྒྱུ་ནི་བཞི་སྟེ། ཉེ་དུའི་རྣམ་པར་རྟོག་པ་དང༌། ཡུལ་གྱི་རྣམ་པར་རྟོག་པ་དང༌། མི་འཆི་བའི་རྣམ་པར་རྟོག་པ་དང༌། སྔོན་དགོད་པ་དང་རྩེས་པ་དང་དགའ་མགུར་སྤྱད་པ་རྣམས་རྗེས་སུ་དྲན་པ་ཡང་གཅིག་པའི་ཕྱིར། བྱ་བ་ནི་གཉིས་ཀས་སེམས་རྣམ་པར་མ་ཞི་བར་བྱེད་པ་ཡང་གཅིག་པའི་ཕྱིར་རོ། །གལ་ཏེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱང་སྒྲིབ་པ་ཡིན་ན་ཅིའི་ཕྱིར་ལྔ་པོ་ཁོ་ན་སྒྲིབ་པར་བསྟན་ཞེ་ན། འདོད་པ་ལ་འདུན་པ་དང་གནོད་སེམས་ཀྱིས་ནི་འདོད་པ་དང་སྡིག་པ་ལས་མི་འབྲལ་ཞིང༌། རྨུགས་གཉིད་དང་རྒོད་འགྱོད་ཀྱིས་ནི་རིམ་པ་ལྟར་ལྷག་མཐོང་དང་ཞི་གནས་རིང་དུ་བྱེད་པས་རིམ་པ་ལྟར་ཚུལ་ཁྲིམས་དང་ཤེས་རབ་དང་ཏིང་ངེ་འཛིན་གྱི་ཕུང་པོ་གསུམ་ལ་གནོད་པ་བྱེད་པའི་ཕྱིར་དང༌། ཏིང་ངེ་འཛིན་དང་ཤེས་རབ་མེད་ན་ཐེ་ཚོམ་གྱིས་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོའང་བདེན་པ་དག་ལ་ཐེ་ཚོམ་ཟ་བའི་ཕྱིར་ན་སྒྲིབ་བ་ལྔ་ཉིད་དུ་བཤད་དོ། །ཞེས་མཛོད་རང་འགྲེལ་དང་མཆིམས་ལས་གསུངས་པ་ལྟར་རོ། །
|