From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| སྔགས་ལུགས་ལ་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བ་ཡོད་པའི་རྒྱུ་མཚན
|
| Tibetan Definition
|
སྔགས་ལུགས་ལ་རླུང་སེམས་ཙམ་ལས་གྲུབ་པའི་གཉུག་མའི་ལུས་ཀྱིས་ཉེར་ལེན་བྱས་ཏེ། མཚན་དཔེས་བརྒྱན་པའི་སྐུར་འགྱུར་བར་བཤད་པས། དེས་གནད་ཀྱིས་ཡིན་ཏེ། རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པ་༢༢༣ལས། ཐེག་ཆེན་རིགས་ཅན་རྣམས་ཀྱིས་དོན་དུ་གཉེར་བྱའི་གཙོ་བོ་གཞན་དོན་ཡིན་ལ། གདུལ་བྱར་དངོས་སུ་སྣང་ནས་དོན་སྒྲུབ་བྱེད་གཟུགས་སྐུ་ཡིན་པས་ཆོས་སྐུ་བཞིན་དུ་གཟུགས་སྐུའང་རྣམ་པ་མཐུན་པའི་རྒྱུས་བསྒྲུབ་དགོས་པར་མ་ཟད་གཟུགས་སྐུ་གཙོ་བོར་བསྒྲུབ་དགོས། དེའང་ཐ་མལ་པ་རྟེན་མ་བརྗེས་པར་ཚེ་གཅིག་ལ་འཚང་རྒྱ་བའི་ཚེ་ཉེར་ལེན་གྱི་ཕུང་པོ་དེ་ག་མཚན་དཔེས་བརྒྱན་པའི་སྐུར་འགྱུར་མི་རུང་ལ། དེར་འགྱུར་རྒྱུའི་ཉེར་ལེན་ཞིག་མེད་ཀྱང་མི་རུང་བས། རླུང་སེམས་ཙམ་ལས་གྲུབ་པའི་གཉུག་མའི་ལུས་ཀྱིས་དེའི་ཉེར་ལེན་བྱེད་པར་གྲུབ་སྟེ། མདོ་ལུགས་སོགས་དང་མི་འདྲ་བར་བུད་མེད་ཚེ་གཅིག་ལ་འཚང་རྒྱ་བའང་བཞག་ཆོག་པ་འདིའི་གནད་ཀྱིས་ཡིན་པར་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོར་གསུངས་སོ། །ཞེས་གསུངས་པ་ལྟར་རོ། །
|