From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| སྙན་བརྒྱུད་ཚད་མ་བཞི
|
| Tibetan Definition
|
(གསང་སྔགས) དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམས་ངག་གི་སརྒ་མ་ལོག་པ། མོས་གུས་ཀྱིས་བསམ་པ་ཚིམ་པ་སྟེ་བཞིའོ། །དེ་ཡང་དབང་གི་ཆུ་བོ་མ་ནུབ་པ། (གསང་སྔགས) དབང་གི་ཆུ་བོ་མ་ནུབ་པ་ནི། བླ་མ་ལས་དབང་བཞི་ནོད་ཉིན་ནས་བརྩམས་ཏེ་ཉིན་རེ་བཞིན་ཏིང་ངེ་འཛིན་གྱི་དབང་བཞི་བྱིན་རླབས་རེ་མ་ཆག་པར་བགྱིས་ན་དབང་གི་བྱིན་རླབས་མི་ཡལ་བར་གནས་པའི་དོན་ཡིན། དཔེར་ན་ཚེས་གཅིག་ཉིན་དབང་ནོད་ན་ཚེས་གཉིས་ཀྱི་སྐྱ་རེངས་ཤར་བ་ནས་ཚེས་གསུམ་གྱི་སྐྱ་རེངས་ཤར་ཁ་ཚུན་ལ་དབང་བཞི་རེ་མ་བྱུང་ན་བྱིན་རླབས་ཡལ་བར་འགྱུར་བས། ཉིན་རེ་བཞིན་ཏིང་ངེ་འཛིན་གྱི་དབང་བཞི་རེ་བླང་བར་བྱས་ན་དབང་གི་ཆུ་བོ་མ་ནུབ་པར་འགྱུར་ལ། དེ་ཡང་དབང་བཞི་རྒྱས་པར་མི་དགོས་པར་སྤྱི་འགྲེ་བསྡུས་པ་དེ་གས་རུང་བར་གསུང་ངོ༌། །ཁོ་བོ་ལྟར་ན་དེའི་དོན་ནི། བླ་མའི་དྲུང་ནས་བླ་མེད་ཀྱི་དབང་ཞུས་ཏེ་དེའི་བརྒྱུད་པ་མ་ཉམས་པ་ཡོད་པ་ལ་ཟེར་ཏེ། མཁས་གྲུབ་རིན་པོ་ཆེའི་གསུང་འཐོར་བུ་༡༤༣བ༦ལས། དང་པོ་ལྟར་ན། དེ་དག་ལ་རྒྱུ་དུས་ཀྱི་དབང་གི་ཆུ་བོ་ནུབ་བམ་མ་ནུབ། མ་ནུབ་ན་དབང་གི་ཆུ་བོ་ནུས་པ་འགལ། གྲུབ་ཆེན་བི་ར་ཝ་པ་ལ་སྙན་བརྒྱུད་བཞིས་གདམས་པའི་དོན་འཆད་པ་ན། བདག་མེད་ལྷ་མོ་བཅོ་ལྔས་རྒྱུ་དུས་ཀྱི་དབང་བཞི་རྫོགས་པར་བསྐུར་བ་ལ་དབང་གི་ཆུ་བོ་མ་ནུབ་པར་གསུངས་གདའ། དེ་དག་ལ་རྒྱུ་དུས་ཀྱི་དབང་གི་ཆུ་བོ་ནུབ་ན། གསང་འདུས། བདེ་མཆོག དུས་འཁོར་སོགས་ཐམས་ཅད་ཀྱི་དབང་གི་བརྒྱུད་པ་ཆད་ནས་མེད་པར་ཁས་ལོངས་ཤིག །ཅེས་གསུངས་པ་ལྟར་རོ། །བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་ནི། བླ་མ་སྔ་མ་སྔ་མའི་བྱིན་རླབས་ཀྱིས་རྒྱུད་སྡེ་དང་མཐུན་པའི་རྟོགས་པ་སྐྱེས་པ་ལ་ཟེར། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་འཐོར་བུ་༡༤༤ན་༣ལས། གཉིས་པ་ལྟར་ན་བོད་ཀྱི་མཁས་གྲུབ་ཁྱད་པར་ཅན་དེ་དག་སུ་ལའང་། བླ་མ་སྔ་མ་སྔ་མའི་བྱིན་རླབས་ཀྱིས་ཕྱི་མ་ཕྱི་མའི་ཐུགས་རྒྱུད་ལ་རྒྱུད་སྡེ་དང་མཐུན་པའི་རྟོགས་པ་སྣ་གཅིག་ཀྱང་མ་སྐྱེས་པར་འགྱུར་བས། མར་པ་ལོ་ཙཱ་བ་དང་མིད་ལ་རས་པ་དང་། ལོ་ཆེན་རིན་བཟང་སོགས་དེ་དག་ལ། རྒྱུད་སྡེ་དང་མཐུན་པའི་རྟོགས་པ་སྣ་གཅིག་ཀྱང་ཐུགས་རྒྱུད་ལ་འཁྲུངས་མ་མྱོང་ངོ་ཞེས་སྨྲ་བ་འདི་ལྟ་བུ་ལས་འཆལ་གཏམ་ཆེ་བ་གང་ཞིག་སྨྲ་རྒྱུ་ཡོད། ཅེས་གསུངས་པ་ལྟར་རོ། །གདམས་ངག་གི་སརྐ་མ་ལོག་པ་ནི། ཏིང་ངེ་འཛིན་གྱི་བྲོད་རྟགས་ལ་བྲོད་རྟགས་སུ་ངོ་ཤེས་པ་ལ་ཟེར། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་འཐོར་བུ་༡༤༤ན་༥ལས། གདམས་ངག་གི་སརྐ་མ་ལོག་པ་བྱ་བ། ཏིང་ངེ་འཛིན་གྱི་བྲོད་རྟགས་ལ་བྲོད་རྟགས་སུ་ངོ་ཤེས་པ་ལ་ཟེར་བ་ཡིན། ཞེས་གསུངས་སོ། །མོས་གུས་ཀྱི་བསམ་པ་ཚིམ་པ་ནི། རྒྱུད་སྡེ་དང་མཐུན་པའི་རང་རྒྱུད་ཀྱི་རྟོགས་པ་ལ་ཉམས་མྱོང་གི་སྟོབས་ཀྱིས་ངེས་ཤེས་ཁྱད་པར་ཅན་སྐྱེས་པ་ལ་ཟེར། མཁས་གྲུབ་རིན་པོ་ཆེའི་གསུང་འཐོར་བུ་༡༤༣བ༦ལས། མོས་གུས་ཀྱིས་བསམ་པ་ཚིམ་པ་བྱ་བ། རང་རྒྱུད་ལ་ཉམས་སུ་མྱོང་བའི་རྒྱུད་སྡེ་དང་མཐུན་པའི་རྟོགས་པ་ལ་ཉམས་མྱོང་གི་སྟོབས་ཀྱིས་ངེས་ཤེས་ཁྱད་པར་སྐྱེས་པ་ལ་ཟེར་བ་ཡིན། ཞེས་གསུངས་སོ། །
|