12368

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙན་བརྒྱུད་སྤྲུལ་པའི་གླེགས་བམ
Tibetan Definition རྗེ་བཙུན་འཇམ་པའི་དབྱངས་དང་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་རྣམ་གཉིས་ཞལ་འཛོམས་ནས། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལ། རྗེ་ཉིད་ཀྱི་སྐུ་སྐྱེ་སྔ་ཕྱི། རྗེ་ཉིད་ཀྱི་བསྟན་པ་ཇི་ཙམ་གནས། བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ཇི་ཙམ་འབྱུང༌། དེ་རྣམས་ཀྱི་སྐུ་ཚེ་སྔ་ཕྱི་དང༌། སྐུ་ཚེ་རིང་ཐུང༌། བསྟན་པ་འཕེལ་འགྲིབ། བསྟན་པ་བསྟན་འཛིན་དང་བཅས་པ་ལ་དགྲ་ཇི་ལྟར་འབྱུང༌ཚུལ། དེ་གང་ཟག་ཇི་ལྟ་བུ་ཞིག་གིས་ཐབས་གང་གིས་འདུལ། བསྟན་པ་བསྟན་འཛིན་དང་བཅས་པ་ལ་དད་ཅིང་མཐུན་རྐྱེན་སྦྱོར་བའི་སྦྱིན་བདག་ཇི་ལྟ་བུ་འབྱུང་བ་ལ་སོགས་པའི་ལུང་བསྟན་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་གི་ཆུན་པོ་ལ། དགེ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ཟེར། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་€དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཟབ་ལམ་བརྒྱུད་པའི་རྣམ་པར་ཐར་པ་མདོར་བསྡུས་གཏེར་གྱི་ཁ་བྱང་ལྟ་བུལས། ཐུན་མོང་མ་ཡིན་པའི་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་དང་བཅས་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་དབྱངས་ཀྱི་དྲུང་དུ་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོས་ལེགས་པར་གསན་པ་ཡིན་ནོ། །ཞེས་གསུངས་སོ། །དེ་དག་གི་དོན་རགས་པ་འགའ་ཞིག་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་མངའ་ཞིང༌། ཡོངས་སུ་རྫོགས་པ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལ་མངའ་བར་གསུང་ངོ༌། །༼ བརྒྱུད་རིམ་ལ་མི་འདྲ་བའི་ལུགས་གཉིས་ལས་དང་པོ་ནི ༽ ༡ རྗེ་བཙུན་འཇམ་པའི་དབྱངས། ༢ རྗེ་ཙོང་ཁ་པ་ཆེན་པོ། ༣ རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། ༤ བ་སོ་ཆོས་ཀྱི་རྒྱལ་མཚན། ༥ གྲུབ་ཆེན་ཆོས་རྡོ་རྗེ། (འདི་ལ་རྗེ་བཙུན་ཆོས་ཀྱི་རྡོ་རྗེ་ཡང་ཟེར) ༦ རྗེ་དབེན་པ་ས་པ་ཆེན་པོ་བློ་བཟང་དོན་གྲུབ། (རྒྱལ་བ་བློ་བཟང་དོན་གྲུབ་ཡང་ཟེར) ༧ མཁས་གྲུབ་སངས་རྒྱས་ཡེ་ཤེས། ༨ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྙན་བརྒྱུད་ཕལ་ཆེར་ཡི་གེར་འགོད་པར་མཛད་པར་གསུང་། ༩ རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། ༡༠ རྗེ་བཙུན་བློ་བཟང་ཡེ་ཤེས། ༡༡ རྡོ་རྗེ་འཛིན་པ་བློ་བཟང་རིག་གྲོལ། ༡༢ གྲུབ་དབང་བློ་བཟང་རྣལ་རྒྱལ། ༡༣ ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན། ༡༤ རྗེ་བློ་བཟང་བསྐལ་བཟང་ཆོས་རྒྱལ། ༡༥ དངུལ་ཆུ་དྷརྨ་བྷ་དྲ་བཅས་སོ། །༼ ལུགས་གཉིས་པ་ནི ༽ཡང་ན། ༡ རྗེ་བཙུན་འཇམ་དཔའི་དབྱངས། ༢ རྗེ་ཙོང་ཁ་པ་ཆེན་པོ། ༣ རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། ༤ བ་སོ་ཆོས་ཀྱི་རྒྱལ་མཚན། ༥ གྲུབ་ཆེན་ཆོས་རྡོ་རྗེ། ༦ རྗེ་དབེན་ས་པ་བློ་བཟང་དོན་གྲུབ། ༧ མཁས་གྲུབ་སངས་རྒྱས་ཡེ་ཤེས། ༨ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ༩ རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། ༡༠ རྗེ་བཙུན་བློ་བཟང་ཡེ་ཤེས། ༡༡ ལྷོ་པ་སྤྲུལ་སྐུ་བློ་བཟང་འཕྲིན་ལས། ༡༢ རྗེ་བློ་བཟང་རྣམ་རྒྱལ། ༡༣ ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ༡༤ རྗེ་ངག་དབང་བྱམས་པ་རིན་པོ་ཆེ། ༡༧ དངུལ་ཆུ་དྷརྨ་བྷ་དྲ་བཅས་སོ། །བརྒྱུད་པ་ཕྱི་མ་འདི་ཕྱག་ཆེན་དང་ཟུང་འབྲེལ་གྱི་བརྒྱུད་པར་གསུངས་སོ། །དེ་རྗེས་ཀྱི་སྙན་བརྒྱུད་ཀྱི་གདམས་པ་འཛིན་པའི་དམ་པ་རྣམས་ཀྱི་བརྒྱུད་རིམ་མ་མཐོང༌། འདི་དངུལ་ཆུ་དྷརྨ་བྷ་དྲ་སོགས་ཀྱི་གསུང་ལ་གཞི་བྱས་ཏེ་བཀོད། བརྒྱུད་རིམ་གྱི་གྲངས་འདྲེན་ཚུལ་ཅུང་མི་མཐུན་པ་གཞན་ཡང་སྣང་ངོ༌། །