12373

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙིགས་མ་ལྔ
Tibetan Definition དུས་སྙིགས་མ། ཚེ་སྙིགས་མ། ལྟ་བ་སྙིགས་མ། སེམས་ཅན་སྙིགས་མ། ཉོན་མོངས་སྙིགས་མ་དང་ལྔའོ། །བྱ་སྡོམ་ལས། དུས་ཚེ་ལྟ་བ་སེམས་ཅན་ཉོན་མོངས་སྙིགས། །ཞེས་གསུངས་པ་ལྟར་རོ། །དུས་སྙིགས་མ་ནི། དགྲ་ངན་དཔུང་ཚོགས་བཅུ་གཉིས་དང༌། སྐྱ་སེང་བུ་ལྔ་འཐབ་པ་ནས་བཟུང་རྩོད་པའི་དུས་ཏེ་དུས་ཀྱི་སྙིགས་མ། ཚེ་སྙིགས་མ་ནི། ཚེ་ལོ་མར་འགྲིབ་སྐབས་ཀྱི་ཚེ་ལོ་བརྒྱ་པ་མན་ཆད་ཚེ་སྙིགས་མ། ལྟ་བ་སྙིགས་མ་ནི་ཕྱིན་ཅི་ལོག་གི་བློ་བསྒྱུར་དཀའ་བས་ལྟ་བ་སྙིགས་མ། སེམས་ཅན་སྙིགས་མ་ནི་རྒྱུད་དང་དབང་པོ་འདུལ་བར་དཀའ་བ་སེམས་ཅན་སྙིགས་མ། ཉོན་མོངས་སྙིགས་མ་ནི་ཤུགས་དྲག་ལ་རྒྱུན་རིང་བ་དང་ལྡན་པའི་ཉོན་མོངས་ཡིན་པས་ཉོན་མོངས་སྙིགས་མ་དང་ལྔའོ། །འདི་ལ་རྩོད་དུས་ཀྱི་སྙིགས་མ་ལྔ་ཞེས་ཀྱང་བྱའོ། །ཡང་མཆིམས་མཛོད་མཆན་བུ་༣༢༧ལས། སྲོག་རྒུད་པ་ཚེའི་སྙིགས་མ། ལོངས་སྤྱོད་རྒུད་པ་དུས་ཀྱི་སྙིགས་མ་སྟེ་འབྲས་བུ་རྣམས་རོ་དང་ནུས་པ་དང་མཐུ་ཆུང་བར་འགྱུར་བས་སོ། །ཁྱིམ་པའི་དགེ་ཕྱོགས་རྒུད་པ་ཉོན་མོངས་ཀྱི་སྙིགས་མ། རབ་བྱུང་གི་དགེ་ཕྱོགས་རྒུད་པ་ལྟ་བའི་སྙིགས་མ། ལུས་རྒུད་པ་སེམས་ཅན་གྱི་སྙིགས་མའོ། །དེ་དག་སྙིགས་མ་ཡིན་ཏེ། བོངས་ཚོད་དང་གཟུགས་དང་ནད་མེད་པ་དང་སྟོབས་དང་བློ་དང་དྲན་པ་དང་བརྩོན་འགྲུས་དང་བརྟན་པ་ཉམས་པའི་ཕྱིར་ངན་སྙིགས་སུ་གྱུར་པས་སྙིགས་མའོ། །ཞེས་གསུངས་སོ། །རྒྱ་གར་གྱི་སློབ་དཔོན་དྲི་མེད་བཤེས་གཉེན་གྱི་བམ་པོ་ལྔ་བཅུ་པ་ལས། རྙོག་པ་ལྔ་ཞེས་གསུངས་སོ། །རྙོག་པ་ལྔ་ཞེས་པའི་ཐད་དུ་གཟིགས།