From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྙིང་རྗེ་གསུམ
|
Tibetan Definition
|
(དབུ་མ) སེམས་ཙམ་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་མེད་ལ་དམིགས་པའི་སྙིང་རྗེ་དང་གསུམ་མོ། །དེ་ལ་མི་རྟག་པ་དང་བདག་མེད་སོགས་ཀྱིས་ཁྱད་པར་དུ་མ་བྱས་པའི་སེམས་ཙམ་ལ་དམིགས་པའི་སྙིང་རྗེ་ལ། སེམས་ཙམ་ལ་དམིགས་པའི་སྙིང་རྗེ་དང་། སྐད་ཅིག་གིས་འཇིག་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ། ཆོས་ལ་དམིགས་པའི་སྙིང་རྗེ། རང་བཞིན་གྱིས་གྲུབ་པས་སྟོང་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཞེས་བྱའོ། །དབུ་མ་ལ་འཇུག་པ་ལས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཞེས་པས་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་བསྟན་ལ། འགྲོ་བ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར། །གཡོ་དང་ (ཞེས་པས་ཆོས་ལ་དམིགས་པའི་སྙིང་རྗེ་བསྟན) རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡིས། །ཞེས་པས་དམིགས་མེད་ལ་དམིགས་པའི་སྙིང་རྗེ་བསྟན་ཏོ། །ཅུང་ཟད་རྒྱས་པར་བཤད་ན། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དབུ་མའི་སྤྱི་དོན་སྐལ་བཟང་མགུལ་རྒྱན་ལས། སྙིང་རྗེ་གསུམ་པོ་གང་རུང་གང་ཞིག མི་རྟག་པ་དང་བདེན་སྟོང་གང་གི་ཡང་ཁྱད་པར་དུ་མ་བྱས་པར་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་བརྩེ་བ་དེ། སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད། སེམས་ཅན་མི་རྟག་པར་ཚད་མས་གྲུབ་པའི་གང་ཟག་གི་རྒྱུད་ཀྱི་སྙིང་རྗེ་གང་ཞིག མི་རྟག་པས་ཁྱད་པར་དུ་བྱས་ནས་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་བརྩེ་བ་དེ། སྙིང་རྗེ་གཉིས་པའི་མཚན་ཉིད། སེམས་ཅན་བདེན་སྟོང་དུ་ཚད་མས་གྲུབ་པའི་གང་ཟག་གི་རྒྱུད་ཀྱི་སྙིང་རྗེ་ཡིན་པ་གང་ཞིག བདེན་སྟོང་གིས་ཁྱད་པར་བྱས་ནས། སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་བརྩེ་བ་དེ། སྙིང་རྗེ་གསུམ་པའི་མཚན་ཉིད། ཡང་ན། སྙིང་རྗེ་གསུམ་པོ་གང་རུང་གང་ཞིག །སེམས་ཅན་མི་རྟག་པར་རྟོགས་པའི་ཤེས་རབ་དང༌། སེམས་ཅན་བདེན་སྟོང་དུ་རྟོགས་པའི་ཤེས་རབ། གང་རུང་གི་དངོས་སུ་མ་ཟིན་པའི་བརྩེ་བ་དེ། སྙིང་རྗེ་དང་པོའི་མཚན་ཉིད། དེ་གང་ཞིག །སེམས་ཅན་མི་རྟག་པར་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་པ་དེ། སྙིང་རྗེ་གཉིས་པའི་མཚན་ཉིད། དེ་གང་ཞིག །སེམས་ཅན་བདེན་སྟོང་དུ་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་པ་དེ། སྙིང་རྗེ་གསུམ་པའི་མཚན་ཉིད། སྒྲ་བཤད་པ་ལ་སྙིང་རྗེ་དང་པོ་ཆོས་ཅན། ཁྱོད་ལ་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་མི་རྟག་པ་དང་བདེན་སྟོང་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཡིན་པ་ལ། ཙམ་ཞེས་པ་ལ་སོགས་པའི་བར་གྱི་ཚིག་རྣམས་མི་མངོན་པར་བྱས་ནས། དེ་ལྟར་བརྗོད་པའི་ཕྱིར། དེ་སྐད་དུ་ཡང༌། ཊིཀ་ཆེན་ལས། སྙིང་རྗེ་དང་པོ་ལ། དེ་འདྲའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པ་མ་ཡིན་པའི་ཕྱིར། སེམས་ཅན་ཙམ་ཞིག་དམིགས་པར་གསུངས་པས། དེ་ལ་དགོངས་ནས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཞེས་པ་ལ་ཡང་ཐ་སྙད་བདེ་བའི་ཕྱིར། ཉེར་བསྡུའི་མིང་ངོ། ཞེས་གསུངས་པའི་ཕྱིར། སྙིང་རྗེ་གཉིས་པ་ཆོས་ཅན། ཁྱོད་ལ་ཆོས་ལ་དམིགས་པའི་སྙིང་རྗེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྐབས་འདིར་གང་ཟག་གི་གདགས་གཞིར་གྱུར་པའི་ཕུང་སོགས་ལ་ཆོས་ཞེས་བྱ་བ་ལ་ཁྱོད་ཕུང་སོགས་ཀྱི་ཆོས་ལ་བརྟེན་ནས། བཏགས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་པ་ལ། བཏགས་པ་ཞེས་པ་ལ་སོགས་པའི་བར་གྱི་ཚིག་མི་མངོན་པར་བྱས་ནས། ཁྱོད་ལ་དེ་ལྟར་དུ་བརྗོད་པའི་ཕྱིར། དེ་སྐད་དུ་ཡང༌། ཊིཀ་ཆེན་ལས། དེས་ན་ཆོས་ཙམ་ལ་བཏགས་པའི་སེམས་ཅན་ལ་དམིགས་པ་ལ་ཆོས་ལ་དམིགས་པ་ཞེས་པ་ནི། བར་གྱི་ཚིག་མི་མངོན་པར་བྱས་པའོ། ཞེས་གསུངས་པའི་ཕྱིར། སྙིང་རྗེ་གསུམ་པ་ཆོས་ཅན། ཁྱོད་ལ་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྐབས་འདིར་དམིགས་པ་བདེན་གྲུབ་དང༌། དམིགས་པ་མེད་པ་བདེན་མེད་ཡིན་ལ། ཁྱོད་བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་པ་ལ། སེམས་ཅན་ཞེས་པ་ལ་སོགས་པ་བར་གྱི་ཚིག་མི་མངོན་པར་བྱས་ནས། ཁྱོད་ལ་དེ་ལྟར་དུ་བརྗོད་པའི་ཕྱིར། དེ་སྐད་དུ་ཡང༌། ཊིཀ་ཆེན་ལས། དམིགས་པ་མེད་པ་ནི། མཚན་འཛིན་གྱི་བཟུང་བ་ལྟར་གྱི་ཞེན་ཡུལ་མེད་པ་བདེན་མེད་དོ། བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པ་ལ། དམིགས་པ་མེད་པ་ལ་དམིགས་པ་ཞེས་སམ། དམིགས་པ་མེད་པའི་སྙིང་རྗེ་ཞེས་བར་གྱི་ཚིག་མི་མངོན་པར་བྱས་པའོ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས་པ་ལྟར་རོ། །ཆོས་ལ་དམིགས་པའི་སྙིང་རྗེ་ལ་དོགས་གཅོད་ནི། རྗེའི་དབུ་མ་དགོངས་པ་རབ་གསལ་ལས། མི་རྟག་པའི་སེམས་ཅན་ཞེས་པ་ནི་མཚོན་པ་ཙམ་སྟེ། རང་རྐྱ་ཐུབ་པའི་རྫས་སུ་མེད་པའི་སེམས་ཅན་དམིགས་པར་བྱེད་པ་ལྟ་བུ་ལ་ཡང། ཆོས་ལ་དམིགས་པ་ཞེས་བྱའོ། །ཞེས་གསུངས་སོ། །བྱང་ས་ལས་ཀྱང་སྙིང་རྗེ་གསུམ་གྱི་ཁྱད་པར་དང་། སྙིང་རྗེ་ལ་གསུམ་ཡོད་པ་བཞིན་དུ། བྱམས་པ་དང་། དགའ་བ། བཏང་སྙོམས་ཚད་མེད་ལའང་རྣམ་པ་གསུམ་གསུམ་ཡོད་པར་གསུངས་ཏེ། བྱང་ས་སྡེ་དགེ་བསྟན་འགྱུར་སེམས་ཙམ་༼ ཝི་པ ༽༡༢༨ བ༦ལས། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཚད་མེད་པ་བཞི་རྣམ་པ་གསུམ་དུ་སྒོམ་པར་བྱེད་དེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང་། སྡུག་བསྔལ་དང་ལྡན་པ་དང་། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་ཡིན་པ་དང་ལྡན་པའི་ཚོགས་གསུམ་དུ་རྣམ་པར་བཞག་ནས། སེམས་ཅན་བདེ་བའི་འདོད་པ་རྣམས་ཀྱི་དབང་དུ་བྱས་ཏེ། བདེ་བ་སྒྲུབ་པའི་ལྷག་པའི་བསམ་པ་དང་ལྡན་པའི་བྱམས་པའི་སེམས་ཀྱིས་ཕྱོགས་བཅུ་ཁྱབ་པར་བྱས་ནས། སེམས་ཅན་ལ་མོས་པས་གནས་པ་དེ་ནི་དེའི་སེམས་ཅན་ལ་དམིགས་པའི་བྱམས་པ་ཡིན་པར་རིག་པར་བྱའོ། །ཆོས་ཙམ་དུ་འདུ་ཤེས་པ་དང་ལྡན་པ། ཆོས་ཙམ་ལ་སེམས་ཅན་དུ་འདོགས་པར་བསམ་པ་ཐག་པ་ནས་མཐོང་སྟེ། བྱམས་པ་དེ་ཉིད་སྒོམ་པར་བྱེད་པ་དེ་ནི་དེའི་ཆོས་ལ་དམིགས་པའི་བྱམས་པ་ཡིན་པར་རིག་པར་བྱའོ། །ཆོས་སུ་རྣམ་པར་མི་རྟོག་པ་ཡང་མེད་པར་བྱམས་པ་དེ་ཉིད་སྒོམ་པར་བྱེད་པ་དེ་ནི་དམིགས་པ་མེད་པའི་བྱམས་པ་ཡིན་པར་རིག་པར་བྱའོ། །སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་བྱམས་པ་ཇི་ལྟ་བ་བཞིན་དུ་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །
|