12429

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྙོམས་འཇུག་གི་སྒྲིབ་པ
Tibetan Definition (ཕར་ཕྱིན) 1 བྱིང་རྒོད། སྒྲ་བཤད་ནི། འདི་སྙོམས་འཇུག་གམ་ཏིང་ངེ་འཛིན་ཡང་དག་འཐོབ་པ་ལ་སྒྲིབ་བྱེད་ཡིན་པས་དེ་སྐད་ཅེས་བྱ་སྟེ། རྒྱུད་བླ་མ་ལས། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། སྒྲིབ་པ་གསུམ་ལས་ངེས་གྲོལ་ཏེ། །ཞེས་པའི་ཐད་ཀྱི་རྒྱུད་བླ་དར་ཊཱིཀ་ལས། སྙོམས་འཇུག་གི་སྒྲིབ་པས་བསྡུས་པའི་བྱིང་རྒོད་གཉིས་མེད་པས་ཏིང་ངེ་འཛིན་བསྒོམ་པ་ལ་ལས་སུ་རུང་བའི་ཕྱིར་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་སྐྱེ་བའི་གེགས་སུ་གྱུར་པ་བྱིང་རྒོད་ཀྱིས་ལུས་སེམས་ལས་སུ་མི་རུང་བའི་རྩུབ་རེག་དང་བྲལ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །2 སྐབས་འགར་སྙོམས་འཇུག་ཉིད་ལ་སྙོམས་འཇུག་གི་སྒྲིབ་པ་ཟེར་བ་ཡིན། གོ་དོན་ཕྱི་མ་ལྟར་ན་སྙོམས་འཇུག་ཀྱང་ཡིན་ལ་ལམ་གོང་མ་ཐོབ་པ་ལ་སྒྲིབ་བྱེད་ཀྱང་ཡིན་པས་དེ་ལ་སྙོམས་འཇུག་གི་སྒྲིབ་པ་ཞེས་བཏགས་ཏེ། དཔེར་ན་རྣམ་སྨིན་ཡང་ཡིན་སྒྲིབ་པ་ཡང་ཡིན་པས་རྣམ་སྨིན་གྱི་སྒྲིབ་པ་ཞེས་བརྗོད་པ་བཞིན་ནོ། །དེས་ན་སྙོམས་འཇུག་ཉིད་སྙོམས་འཇུག་གི་སྒྲིབ་པ་ཡིན་ནོ། །